རྨ་ཆུའི་འབྱུང་ཁུངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་མུ་འབྲེལ་བྱ་འགུལ་སྐབས་དྲུག་པ་ཆུ་དམར་ལེབ་རྫོང་དུ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས8ཉིན། “གཙང་པོའི་འགོ་ཁུངས་ཀྱི་ཡུས་ཧྲུའུ། གནམ་མཐའི་ཆུ་དམར་ལེབ”ཞེས་པ་བརྗོད་གཞི་ཡིན་པའི་རྨ་ཆུའི་འབྱུང་ཁུངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་མུ་འབྲེལ་བྱ་འགུལ་སྐབས་དྲུག་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་འགོ་བརྩམས།

འགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དེ་ཆུ་དམར་ལེབ་རྫོང་མི་རིགས་ཆ་ཚང་སློབ་ཆུང་གཉིས་པས་མཉམ་གཞས་ཆེན་པོའི་ཁྲོད་འགོ་བརྩམས་པ་དང་།  འཁྲབ་སྟོན་ཧྲིལ་པོ་ཏང་གི་དར་ཆ་རྨ་ཆུའི་མགོ་ཁུངས་སུ་གཡོ་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྩྭ་ཐང་གི་བརྩེ་བ།    གངས་ལྗོངས་ཡུལ་སྲོལ་ཞབས་བྲོ།    རི་ཆུ་ཕན་ཚུན་རྟེན་རེས་དང་ཁྱིམ་ཚང་གཅིག་གི་གཉེན་ཉེ་བཅས་རིམ་པ་བཞི་རུ་དབྱེ་ཡོད།    དེའི་ནང་རྟ་རྩལ་འཁྲབ་སྟོན་དང་།    ཞབས་བྲོ།    དམངས་གཞས་སོགས་རྣམ་པ་ཕུན་སུམ་ཚོགས་པའི་འཁྲབ་སྟོན་ཚུད་ཡོད། འཁྲབ་སྟོན་གྱི་ཡུལ་དངོས་སུ་སྐྱ་རྩལ་པས་རྟ་ཞོན་ནས་རྟ་ལྕག་གཡུག་པས།    རྟའི་རྒྱབ་ཀྱི་དར་དམར་དང་མཐོ་སྒང་གི་ཉི་འོད་གཞི་གཅིག་ཏུ་འདྲེས་པར་བྱས་ཡོད་ལ།  རྟ་ཕོའི་རྨིག་སྒྲིག་ནི་རྨ་ཆུ་ལང་ལོང་དུ་བཞུར་བའི་འཕར་རྩ་ལྟ་བུ་ཡིན་པས།  རྩྭ་ཐང་གི་བུ་བུ་མོ་རྣམས་ཏང་གི་རྗེས་སུ་འབྲངས་པའི་ལྷག་བསམ་རྣམ་དག་གསལ་འགྲེལ་བྱས་ཡོད།     སྒྱུ་རྩལ་པ་རྒན་པོས་སྒྲ་སྙན་གྱི་རྒྱུད་སྐུད་དང་དབྱངས་འགྲོས་ཁྲོད་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་པའི་ཞབས་བྲོ་བས་གར་གྱི་སྟེང་སྟབས་དང་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་ལ་ལྟད་མོ་བ་ཚོས་དགའ་བསུ་ཆེན་པོ་ཐོབ།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ཟླ8པའི་ཚེས8ནས་འགོ་བརྩམས་ཏེ་ཟླ9པའི་ཚེས12ཉིན་བར་སྤེལ་རྒྱུ་རེད། དེའི་ཁྲོད་གཡུ་འབྲུག་ལྷ་རྩེའི་རི་འཛེགས་ཚོགས་ཆེན་སྐབས་གཉིས་པའི་མུ་འབྲེལ་བྱ་འགུལ་རྒྱུ་ཡིན་ལ། བྱ་འགུལ་དེས་གཡུ་འབྲུག་ལྷ་རྩེ་ནས་ས་ཆ་སོ་སོར་འགྲོ་བ་དང་། ས་གཞན་ནས་གཡུ་འབྲུག་ལྷ་རྩེ་ལ་འགྲོ་བའི་ཡུལ་སྐོར་ལམ་ཐིག་འགྲེམས་སྤེལ་བྱེད་རྒྱུ་གཙོར་བཟུང་ཡོད་ལ། ཡུལ་སྐོར་བ་མང་པོ་ཆུ་དམར་ལེབ་དུ་འདྲེན་པའི་བྱ་དགའི་བྱེད་ཐབས་ཁྱབ་བསྒྲགས་བྱས། 

གུང་གསེང་སྤྱད་དེ་གཞོན་ནུ་ལོ་ཆུང་དང་སློབ་ཆེན་སློབ་མ་འབོར་ཆེན་ཞིག་རི་འཛེག་དང་འགྲན་བསྡུར་བྱེད་སྒོར་ཞུགས་རྒྱུའི་ཡིད་དབང་བཀུག་ནས། གཞོན་ནུ་ལོ་ཆུང་གིས་འགུལ་སྐྱོད་ཁྲོད་ས་ཁོངས་ཀྱི་ཁྱད་ཆོས་ཚོར་ཐུབ་པ་དང་། ལམ་ཐིག་གི་ཁྱབ་སྤེལ་དང་འགྲུལ་རྒྱུན་འཕར་རྒྱུར་རོགས་འདེགས་བྱེད་ཐུབ། དེ་དང་ཆབས་ཅིག ད་དུང་སྲོལ་རྒྱུན་དམངས་ཁྲོད་ཀྱི་ལུས་རྩལ་རྩལ་འགྲན་བྱེད་སྒོ་ཡོད་དེ། དམངས་ཁྲོད་ཀྱི་མཁས་པ་གདན་འདྲེན་ཞུས་ནས་གར་སྟེགས་དང་མཉམ་དུ་འགྲན་བསྡུར་བྱས་ཏེ། རྩལ་འགྲན་དང་དམངས་སྲོལ་གཞི་གཅིག་ཏུ་འདྲེས་ནས་མང་ཚོགས་ཀྱི་སྤྲོ་སེམས་དང་སྲོལ་རྒྱུན་གྱི་སྤྲོ་སེམས་འཕེལ་བར་བྱས་པས། ལུས་རྩལ་རིག་གནས་རྒྱུན་འཛིན་བྱེད་བཞིན་ཡོད།   

རྨ་ཆུའི་འབྱུང་ཁུངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་མུ་འབྲེལ་བྱ་འགུལ་སྐབས་དྲུག་པ་སྤེལ་བ་དེ་ནི་མཐོང་ཚོར་ཀྱི་གསོལ་སྟོན་ཆེན་པོ་ཞིག་ཡིན་པ་མ་ཟད། སེམས་ཁམས་ཀྱི་ཡུལ་སྐོར་ཞིག་ཀྱང་ཡིན་པས། སྔར་ལས་མང་པོའི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་ཆུ་དམར་ལེབ་ཀྱི་རིགས་སོ་སོའི་བུ་བུ་མོའི་ཧུར་བརྩོན་ཡར་རྒྱས་ཀྱི་བསམ་པའི་རྣམ་པ་ཚོར་ཐུབ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།