རང་ཞིང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་བསྐྲུན་པ་བརྗོད་གཞི་ཡིན་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས8ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་བསྐྲུན་པ་བརྗོད་གཞི་ཡིན་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། རྒྱུས་ལོན་པ་ལྟར་ན། ད་ལོར་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་བསྐྲུན་པ་དང་འཁོར་སྐྱོད་བྱེད་པར་བརྟེན་ནས་གཙོ་གནད་ཁྱབ་ཁོངས་ཀྱི་འགལ་བ་དང་རྩོད་གཞི་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་དྲུག་ཅུ་ཐག་གཅོད་བྱེད་རོགས་བྱས་པས། ཞིང་ཆེན་ཡོངས་ཀྱི་ཉེས་དོན་དང་བདེ་འཇགས་གྱོད་གཞི་ཚང་མ་སྔོན་ཆད་དང་བསྡུར་ན་ཇེ་ཉུང་དུ་སོང་ཡོད་ལ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་གི་སྒྲིག་སྲོལ་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད།

རྩེ་རིམ་ཇུས་འགོད་ཐད། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་བརྟག་དཔྱད་གཏིང་ཟབ་བྱས་པ་དང་བསམ་འཆར་རྒྱ་ཆེར་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་དུ། 《མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་བསྐྲུན་པར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《ཚད་ལྡན་ཅན་དུ་བསྐྲུན་པའི་སྐོར་གྱི་དྲི་བ་དྲིས་ལན》ཞེས་པའི་དཔེ་དེབ་པར་འགྲེམས་བྱས་ཏེ། སྡེ་ཁག་སོ་སོ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འཁོར་སྐྱོད་ཁྲོད་ཞུགས་པའི་འགན་འཁྲིའི་ཞིབ་ཐོ་དང་འགལ་བ་དང་རྩོད་གཞི་ཐག་གཅོད་པའི་གོ་རིམ་སོགས་གཏན་འབེབས་བྱས་པ་དང་། རྫོང་རིམ་པ་གཙོ་གནད་དུ་བྱས་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་བསྐྲུན་པའི་སྤྱིའི་སྒྲོམ་གཞི་གཏན་འཁེལ་བྱས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་སྔོན་ལ་འདུམ་འགྲིག་བྱེད་སྟངས་སྤྱད་དེ་འགལ་བ་ཐག་གཅོད་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། གྲོན་དངུལ་གང་ཡང་མི་བསྡུ་ལ། “མདུན་སྟེགས་སྟེང་གཅིག་གྱུར་གྱིས་བདག་སྤྲོད་བྱེད་པ་དང་རྒྱབ་སྟེགས་སུ་སྒྲུབ་པར་སྤྲོད་པའི”བྱ་བའི་གོ་རིམ་ལག་བསྟར་བྱས་ཏེ། སྐབས་ཐོག་དེར་ཐག་གཅོད་ཐུབ་པའི་རྩོད་གཞི་དེ་མ་ཐག་ཐག་བཅད་པ་དང་། ཆ་རྐྱེན་དང་མཐུན་པའི་རིགས་ཁྲིམས་འཛིན་བརྒྱུད་དེ་གཏན་འཁེལ་བྱ་རྒྱུ་ཡིན་ལ། དེར་གཅིག་མཚུངས་ཀྱི་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པར་བྱས། སྐབས་ཐོག་དེར་ཐག་གཅོད་མ་ཐུབ་ན། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འབྲེལ་ཡོད་འགན་འཁུར་སྡེ་ཁག་ལ་བརྒྱུད་སྤྲོད་བྱས་ནས་ཁྲིམས་ལྟར་བསྒྲུབས་པ་མ་ཟད། ཐག་གཅོད་གོ་རིམ་དང་འཕེལ་ཚད། མཇུག་འབྲས་སོགས་ལ་དུས་ཐོག་རྗེས་འདེད་དང་འགུལ་རྣམ་རྒྱུས་ལོན་བྱས་ནས། མང་ཚོགས་ཀྱི་རེ་འདུན་རེ་རེ་ལ་སྒྲུབ་མཁན་ཡོད་པ་དང་ཁྲིམས་ལྟར་སྒྲུབ་ཐུབ་པར་འགན་ལེན་བྱས།

སྟེགས་བུ་འཛུགས་པའི་ཐད། ས་གནས་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འགལ་བ་དང་རྩོད་གཞི་སེལ་བའི་ཁྲིམས་སྐྱོང་ཅན་གྱི“ལམ་ཐིག་རི་མོ”ནན་ཏན་གྱིས་གཞིར་བཟུང་ནས། སྣེ་ཁྲིད་བདག་སྤྲོད་ཁུལ་དང་སྣ་མང་འདུམ་འགྲིག་ཁུལ། བཀོད་འདོམས་བཀོད་གཏོང་ཁུལ་སོགས་རིམ་བཞིན་བཙུགས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།