བྲག་དཀར་རྫོང་གིས་མངའ་ཁོངས་ཀྱི་རྩོད་གཞི་དག་བཤེར་དང་འདུམ་སྒྲིག་བྱ་བ་གཏིང་ཟབ་པའི་སྒོ་ནས་སྒྲུབ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཟླ་སྟོད་བར་དུ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གིས་རྩོད་གཞིའི་གྱོད་དོན271ལྷག་དག་བཤེར་བྱས་པ་དང་།  གྱོད་གཞི229ལྷག་འདུམ་སྒྲིག་བྱས་ཟིན།  ཉིན་བརྒྱའི་ནང་སྤྱིར་བཏང་གི་རྩོད་གཞིའི་གྱོད་དོན་ཡོངས་རྫོགས་གཙང་སེལ་བྱེད་པའི་དམིགས་འབེན་ཡོངས་འགྲུབ་བྱས་ལ།  རྩོད་གཞི་དག་བཤེར་དང་འདུམ་སྒྲིག་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

ད་ལོར།  བྲག་དཀར་རྫོང་གིས་རྩོད་གཞིའི་གྱོད་དོན་གཙང་སེལ་བྱེད་རྒྱུ་དམ་འཛིན་བྱེད་པ་དང་།  ཆབས་ཅིག་ཏུ་གྱོད་གཞིའི་འཕར་སྣོན་ལ་ལྟ་སྐུལ་བྱས་ཏེ།  རྩོད་གཞི་དག་བཤེར་དང་འདུམ་སྒྲིག་བྱ་བ་རྫོང་ཡོངས་ཀྱི་གཙོ་གནད་བྱ་བའི་ཁྲོད་བཅུག་པ་དང་།  གཅིག་བསྡུས་ཀྱིས་རྩོད་གཞིར་དག་བཤེར་བྱེད་པའི་བརྡ་ཁྱབ་སྤེལ་ཏེ།  རྩྭ་སའི་རྩོད་གཞི་དང་ངལ་རྩོལ་རྩོད་གཞི།  ཁྲིམས་ལུགས་དང་ཞུ་གཏུག་ལ་འབྲེལ་བ་ཡོད་པའི་རྩོད་གཞི།  སྡོད་དམངས་ཀྱི་གནས་སྤོར་བདེ་འགོད་སྐོར་གྱི་རྩོད་གཞི།  རུ་ཁ་ཁྱིམ་མཚེས་ཀྱི་རྩོད་གཞི་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཡོངས་ཁེབས་རང་བཞིན་དག་བཤེར་རིམ་པ་བདུན་སྤེལ་བ་དང་།  གྱོད་གཞི་རེར་དེབ་གཅིག་བྱས་ཏེ་ཡིག་ཁུག271ལ་འགུལ་རྣམ་དོ་དམ་བཙུགས་ནས། གཏིང་ཟབ་པའི་ངང“རིམ་གསུམ་མཉམ་འགུལ་དང་རྒྱུ་མང་མཉམ་སྒྲིག  སྡེ་ཁག་མཉམ་ལས”ཀྱི་རྩོད་གཞི་ཕྱོགས་བསྡུས་འདུམ་སྒྲིག་རྐྱེན་སྲོལ་བཙུགས་ཏེ།  རྫོང་ཡོངས་ཀྱི་རྩོད་གཞི་འདུམ་སྒྲིག་དང་དག་བཤེར་བྱ་བ་ཏན་ཏིག་གིས་བསྒྲུབ་པར་སྐུལ་འདེད་བཏང་།

རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་མི་སྣ་དང་།  རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།  རྩ་འཛུགས་པུའུ།  འཐབ་ཕྱོགས་གཅིག་གྱུར་པུའུ།  ཞིང་ཕྱུགས་ཅུའུ།  ནགས་ལས་དང་རྩྭ་ཐང་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣ་སྒྲིག་འཛུགས་བྱས་ཏེ་རྩོད་གཞི་འདུམ་སྒྲིག་བྱ་བའི་ཆེད་དོན་རུ་ཁག་སྒྲིག་འཛུགས་བྱས་པ་དང་།  སྡེ་ཁག་མང་བོ་མཉམ་འགུལ་བྱས་ནས་རྙོག་འཛིང་གི་གྱོད་གཞི་ཐག་གཅོད་བྱས།  གཅིག་ལྕོགས་རྣམ་པའི་རྩོད་གཞིའི་མཐུན་སྦྱོར་ལྟེ་གནས་རྨང་གཞི་བྱས་ཏེ།  ལྟེ་གནས་ཆེན་པོ་ལྔའི་ཐོན་ཁོངས་གཅིག་བསྡུས་དང་ལས་ཕྱོད་ཆེ་བའི་ངང་ཞིབ་བརྡར་སྔོན་བརྡ་དང་།  སྣ་མང་འདུམ་སྒྲིག  ལས་གནས་དོ་དམ།  སྐུལ་སྒྲུབ་འགན་འདྲི་སོགས་ཀྱི་རྐྱེན་སྲོལ་བཙུགས།  མིག་སྔར།  ལྟེ་གནས་ཀྱིས་རིགས་མི་འདྲ་བའི་རྩོད་གཞིའི་གྱོད་དོན146དང་ལེན་བྱས་པ་དང་།  གྱོད་གཞི143འདུམ་སྒྲིག་ལེགས་འགྲུབ་བྱུང་།  འདུམ་སྒྲིག་ལེགས་འགྲུབ་བྱས་ཚད་ཧ་ལམ་བརྒྱ་ཆའི98དུ་སླེབས་ཡོད།

སྡེ་མིའི་ཚོགས་ཆེན་དང་ཏང་ཡོན་སློབ་གསོའི་གསོ་སྦྱོང་སོགས་གོ་སྐབས་སུ་བཟུང་ནས།  གྲོས་བསྡུར་བརྒྱུད་དོན་དག་ཐག་གཅོད་བྱེད་པའི་བྱ་ཐབས་ལ་བེད་སྤྱད་དེ།  ཉེ་འཁོར་གྱི་དོན་དག་དང་ཉེ་འཁོར་གྱི་ཁྲིམས་ལུགས་བཤད་པའི་རྣམ་པ་དེ་ཁ་བརྡའི་ལམ་ནས་ཁྲིམས་ལུགས་ལ་འགྲེལ་བཤད་བྱས།  རྗེས་འདེད་དང་ཕྱིར་འདྲིའི་རྐྱེན་སྲོལ་བཙུགས་པ་དང་།  ཁ་པར་གྱི་ལམ་ལས་ཕྱིར་འདྲི་དང་།  ཁྱིམ་དུ་སོང་ནས་བཅར་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས།  འགལ་བ་སླར་མི་འབྱུང་བར་ཁག་ཁུར་བྱས་ཏེ་འདུམ་སྒྲིག་གི་གྲུབ་འབྲས་སྲ་བརྟན་བཏང་།  ད་ལོར་གྱོད་གཞི143འདུམ་སྒྲིག་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།