དཔའ་ལུང་རྫོང་གིས་གཞི་གྲངས་དཔལ་འབྱོར་དང་འཐེན་ཐུག་ཐོན་ལས་སོགས་གཞི་གྲངས་གསར་སྤེལ་གྱི་བདག་གཉེར་རྟེན་གཞི་འཁོར་སྐྱོད་བྱེད་མགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས8ཉིན། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ཡིན་པའི་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་གཞི་གྲངས་དཔལ་འབྱོར་དང་། འཐེན་ཐུག་ཐོན་ལས་སོགས་གཞི་གྲངས་གསར་སྤེལ་བདག་གཉེར་རྟེན་གཞི་མཚེ་མགུར་ཁུལ་གསར་དུ་དངོས་སུ་འཁོར་སྐྱོད་བྱེད་མགོ་བརྩམས། དེས་དཔའ་ལུང་རྫོང་གིས་རང་འགུལ་ངང་གཞི་གྲངས་དུས་རབས་དང་ལེན་དང་། སྲོལ་རྒྱུན་གྱི་འཐེན་ཐུག་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། བྱེད་ནུས་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་ནས་གནད་འགག་གོ་རིམ་ཞིག་བརྒལ་བ་མཚོན་ཡོད།

མིག་སྔར། གཞི་གྲངས་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། ཉིན་རེ་བཞིན་འཛམ་གླིང་དཔལ་འབྱོར་རྣམ་པ་བསྐྱར་གསོ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱེད་པའི་གནད་འགག་གི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད། དཔའ་ལུང་རྫོང་གིས་གཞི་གྲངས་རྒྱུ་རྐྱེན་སྒུལ་ནུས་སུ་བརྩིས་ཏེ། འཐེན་ཐུག་ཐོན་ལས་ཀྱི་དགེ་མཚན་ལས་རྐང་འཛུགས་པ་དང་། གཞི་གྲངས་གཅིག་སྡུད་རྟགས་འགོད་དང་ཡིད་རྟོན་གཞི་གྲངས་ཀྱི་བར་སྟོང་། AIའདྲ་བཟོ་མིའི་ཐད་གཏོང་སོགས་རྣམ་པ་གཞི་གཅིག་ཅན་གྱི་གཞི་གྲངས་གསར་སྤེལ་བདག་གཉེར་རྟེན་གཞི་ཚད་གཞི་མཐོན་པོས་བསྐྲུན་ནས། གཞི་གྲངས་ཐོན་ལས་དང་ཐོན་ལས་གཞི་གྲངས་ཅན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ནན་མོ་བཏང་ཞིང་། འཐེན་ཐུག་ཐོན་ལས་དེ་ཉམས་མྱོང་སྒུལ་ནུས་ནས་གཞི་གྲངས་སྒུལ་ནུས་སུ་ཕྱོགས་ཡོངས་ནས་ཚུལ་སྒྱུར་རིམ་སྤོར་ཐུབ་པར་རོགས་ཤུགས་འདོན་བཞིན་ཡོད། འདི་ལས་མཚོ་སྔོན་ཞིང་ཆེན་གྱི་འཐེན་ཐུག་ཐོན་ལས་ཀྱིས་གཞི་གྲངས་བྱེད་ནུས་དང་རིག་ནུས་སྣེ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ལ། རྣམ་པ་སྣ་ཚོགས་ཀྱི་ལྗང་མདོག་རྩིས་ནུས་རྟེན་གཞིའི་ཐོན་ལས་བཀོད་པ་དངོས་འབེབས་ལག་བསྟར་བྱེད་པའི་བྱེ་བྲག་གི་ལག་ལེན་ཞིག་ཏུ་གྱུར་ཡོད།

འཐེན་ཐུག་དེ་དཔའ་ལུང་རྫོང་གི་ཐོན་ལས་གཙོ་བོ་ཞིག་ཡིན་པའི་ཆ་ནས། ད་ལྟ་འཐེན་ཐུག་ཟ་ཁང་རྒྱལ་ཡོངས་ཀྱི་གྲོང་ཁྱེར337དང་རྒྱལ་ཁབ16ལ་ཁྱབ་ཅིང་། བསྡོམས་པས་འཐེན་ཐུག་ཟ་ཁང་ཁྲི་གཉིས་ལྷག་ཡོད་ལ། ལོའི་ཧྲིལ་བོའི་ཚོང་གཉེར་ཡོང་འབབ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་ལྔ་ལས་བརྒལ་ཡོད་པས། ཧུར་བརྩོན་དང་རྒྱུན་འཁྱོངས་ལ་བརྟེན་ནས་བྱུང་བའི་གསེར་སྐུད་ཕྲ་མོ་ཞིག་ཏུ་གྱུར་འདུག དཔའ་ལུང་རྫོང་གིས་ཁོར་ཡུག་ལེགས་པོར་བརྟེན་ནས་གཞི་གྲངས་དཔལ་འབྱོར་གཉེར་རྒྱུ་ཡིན་ཏེ། འཛུགས་གྲུབ་བྱས་ཟིན་པའི་གཞི་གྲངས་འདྲ་བཟོ་མིའི་ཐད་གཏོང་རྟེན་གཞི་དང་། གཞི་གྲངས་རྟགས་འགོད་རྟེན་གཞི། དྲ་རྒྱའི་བདེ་འཇགས་ཀྱི་དཔེ་དབྱིབས་ཆེན་པོ་དང་འཐེན་ཐུག་ཐོན་ལས་ཀྱི་གཞི་གྲངས་ཡིད་རྟོན་བར་སྟོང་སོགས་བེད་སྤྱོད་གང་ལེགས་བྱས་ནས། སྔར་ལས་མང་བའི་འཐེན་ཐུག་ཚོང་རྟགས་དཔའ་ལུང་འཐེག་ཐུག་ཐོན་ལས་ཀྱི་གཞི་གྲངས་གསར་སྤེལ་བདག་གཉེར་རྟེན་གཞི་རུ་ནང་འདྲེན་དང་དེའི་ཁྱབ་ཁོངས་ཁྲོད་འཇོག་རྒྱུ་ཡིན་ལ། དྲ་ལམ་སྟེགས་བུའི་མ་ལག་སྣ་ཚོགས་གསར་སྤེལ་དང་ཞིབ་བཤེར་ཚོད་ལྟ། ལས་གཞི་གྲ་སྒྲིག་སོགས་ཀྱི་རིམ་པ་ལེགས་འགྲུབ་བྱེད་པ། ཚོང་གཉེར་དོ་དམ་ལེགས་སྒྱུར་དང་། འཐེག་ཐུག་ཐོན་ལས་དང་རིག་གནས་ཡུལ་སྐོར། གློང་རྡུལ་ཚོང་ལས། དངོས་ཟོང་འཁོར་རྒྱུགས་སོགས་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། དཔའ་ལུང་འཐེན་ཐུག་དེ་ངལ་རྩོལ་དཔལ་འབྱོར་ནས་བློ་གྲོས་དཔལ་འབྱོར་རུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་དཀྱོགས་མཚམས་མངོན་འགྱུར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།