མཚོ་སྔོན་གྱིས་ནོར་སྲིད་དང་དངུལ་རྩ་མཉམ་འགུལ་སྲིད་ཇུས་ཀྱི་བྱེད་ཐབས་བཏོན་ནས་སྲིད་ཇུས་ཞབས་ཞུའི་བྱ་བ་ལེགས་པོར་བསྒྲུབས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་གནས་ཚུལ་བསྒྲགས་པ་ལྟར་ན། ཚན་རིག་དང་གནད་འཁེལ་ནུས་མཐོ་བཅས་ཀྱི་ནོར་སྲིད་དང་དངུལ་རྩའི་འགན་སྲུང་མ་ལག་འཛུགས་ཆེད། རང་ཞིང་གིས་ནོར་སྲིད་དང་དངུལ་རྩ་མཉམ་འགུལ་སྒོས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ་བཏོན་ནས། དངུལ་རྩའི་ཞབས་ཞུ་རྒྱུན་མཐུད་སྒོས་ལེགས་བཅོས་བྱས་པ་དང་། དངོས་གཞིའི་དཔལ་འབྱོར་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་སྣོན་པར་རོགས་ཤུགས་བཏོན།

བྱེད་ཐབས་འགའ་ཡིས་འཕར་ཚད་སྲིད་ཇུས་གཏན་འཁེལ་དང་གསོག་ཚད་སྲིད་ཇུས་ལེགས་བཅོས་བྱེད་པ་བརྒྱུད། ཚད་ཡོད་པའི་ནོར་སྲིད་དངུལ་རྩར་བརྟེན་ནས་སྐྱེད་ཀ་སྤྲད་དེ་རྨང་གཞི་འདིང་བ་དང་། ཁ་གསབ་སྤྲད་དེ་འགན་སྲུང་ལ་ཤུགས་སྣོན་པ། བྱ་དགའ་སྤྲད་དེ་ཐོད་བརྒལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྲིད་ཇུས་མ་ལག་བཙུགས་ཤིང་། ཕྱོགས་བཞིར་དམིགས་ནས་ཞིབ་ཕྲའི་བྱེད་ཐབས་བཅུ་བདུན་དང་འགན་སྲུང་བྱེད་ཐབས་གཅིག་བཏོན་པ་དང་། ཕྱོགས་བསྡུས་སྒོས་སྣ་མང་ཅན་གྱི་མ་དངུལ་བྱེད་ཐབས་སྤྱད་དེ་སྲིད་ཇུས་ཀྱི་བཀག་རྒྱ་གཏོར་ལ། ནུས་ཤུགས་ཆེན་པོ་དང་དངོས་ཡོད་བྱེད་ཐབས་ལ་བརྟེན་ནས་ནོར་སྲིད་ཐོན་ཁུངས་བཀོད་སྒྲིག་གི་རང་འགུལ་རང་བཞིན་དང་སྐུལ་འདེད་ནུས་པ་མཐོར་འདེགས་བཏང་ཞིང་། ཐོག་མར་རྩིས་བརྒྱབ་ནས་སྲིད་ཇུས་ཚང་མ་ནུས་ལྡན་སྒོས་ལག་བསྟར་བྱས་རྗེས། ལོ་རེར་ནང་འདྲེན་བྱས་པའི་དངུལ་རྩའི་ཐོན་ཁུངས་སྒོར་ཐེར་ཆེན་བརྒྱད་ལས་བརྒལ་སྲིད།

ལས་རིམ་གཙོ་བོར་དམིགས་ནས་ནོར་སྲིད་དང་དངུལ་རྩའི་མཐུན་སྦྱོར་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་པའི་ཐད། འཛུགས་སྐྲུན་ལས་གཞི་གལ་ཆེན་གྱི་སྡེབ་སྒྲིག་དངུལ་བསྡུ་ལ་སྐུལ་འདེད་བཏང་བ་དང་། ཁེ་ལས་ཀྱི་སྲིད་ཇུས་ལག་བསྟར་བྱས་པར་བསྟུན་ནས་གནད་འཁེལ་སྒོས་བེད་སྤྱོད་སྲིད་ཇུས་བཀོད་སྒྲིག་བྱས་པས། མ་རྩ་མར་ཆག་པ་དང་དངུལ་བསྡུ་ནུས་མཐོ་ཅན་མངོན་འགྱུར་བྱས། ཞིང་ཆེན་རིམ་པའི་སྲིད་གཞུང་རང་བཞིན་གྱི་དངུལ་བསྡུའི་འགན་ལེན་ལས་སྒོའི་བྱ་དགའ་དང་གྲོན་དངུལ་འགན་ལེན་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཞིང་། དངུལ་ཁང་གི་ཁག་ཁུར་བྱེད་པའི་མཉམ་ལས་ལ་བརྟེན་ནས་དངུལ་རྩའི་ཐོན་ཁུངས་སྔར་ལས་མང་པོས་ཁེ་ལས་ཆུང་གྲས་དང་། ཞིང་གསུམ་བྱེད་པོ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་བྱས། དངུལ་བུན་གྱི་ཉེན་ཁའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་གཏོང་བའི་རྐྱེན་སྲོལ་གསར་གཏོད་བྱས།

འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་ནོར་སྲིད་དང་དངུལ་རྩ་དར་སྤེལ་གྱི་ཐོན་ལས་ཕྲེང་སྦྲེལ་འཐུས་ཚང་དུ་གཏོང་བའི་ཐད། དངུལ་རྩའི་ཐོན་ཁུངས་ཀྱིས་ལྗང་མདོག་ཚུར་སྒྱུར་གཟིགས་སྐྱོང་དངུལ་བུན་གཏོང་ཚད་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་སྟེ། ཚན་རྩལ་གསར་གཏོད་ཀྱི་ཆེད་དོན་ཁག་ཁུར་འཆར་འགོད་ལ་རྒྱབ་སྐྱོར་དང་དེ་ལག་བསྟར་གཏིང་ཟབ་བྱས་ཤིང་། ས་ཁང་བདག་ཁོངས་ཁྱབ་ཁོངས་ཀྱི་དངུལ་རྩའི་ཉེན་ཁ་ཇེ་ཆུང་དུ་བཏང་། རྣམ་པ་གསར་བའི་བཟོ་ལས་ཅན་དང་གནས་བཞི་སོགས་ཐོན་ལས་ཕྲེང་སྦྲེལ་གྱི་མཉམ་འགུལ་དངུལ་རྩར་བརྟེན་ནས། འདོན་སྤྲོད་ཕྲེང་སྦྲེལ་གྱི་དངུལ་བསྡུའི་འགན་སྲུང་ལ་གཅིག་འདོམས་བྱས།

ཀུན་ཕན་དངུལ་རྩར་རྐང་བཙུགས་ནས་དམངས་ཚིས་དངུལ་རྩའི་དྲ་རྒྱ་བཟོ་བའི་ཐད། ནོར་སྲིད་ཀྱིས་ཀུན་ཕན་དངུལ་རྩ་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བྱ་བ་སྤེལ་ཏེ། ས་གནས་ཀྱིས་ཡུལ་བབ་དང་བསྟུན་ནས་ཀུན་ཕན་དངུལ་རྩའི་གནད་འཁེལ་འདོན་སྤྲོད་ཐབས་ལམ་འཚོལ་ཞིབ་བྱེད་པར་ཁྲིད་སྟོན་བྱས། ཚོགས་པ་གཙོ་བོས་ལས་གཏོད་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བྱས་ནས། དངུལ་རྩའི་ལས་ཁུངས་ཀྱིས་ལས་གཏོད་ཁག་ཁུར་དངུལ་བུན་གཏོང་ཚད་ལ་ཤུགས་སྣོན་པར་ཁྲིད་སྟོན་བྱས། གྲོང་གསེབ་དར་སྤེལ་གྱི་དངུལ་རྩའི་འདོན་སྤྲོད་རྒྱ་སྐྱེད་དེ། དངུལ་རྩའི་ལས་རིགས་ཀྱིས་ཞིང་ཁྱིམ་དངོས་ཡོད་དགོས་མཁོར་འཚམ་པའི་དངུལ་རྩའི་ཐོན་རྫས་གསར་སྤེལ་ལ་རྒྱབ་སྐྱོར་བྱས། ཞིང་ལས་ཐོན་སྐྱེད་ཀྱི་ཉེན་ཁའི་འགན་སྲུང་འཐུས་ཚང་དུ་བཏང་ནས། ཞིང་ལས་འགན་སྲུང་གི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་ཐོན་རྫས་ཇེ་མང་དུ་གཏོང་བ། ཚད་གཞི་མཐོར་འདེགས་བཅས་ལ་སྐུལ་འདེད་བཏང་།

དངུལ་བསྡུའི་ཞབས་ཞུ་ཇེ་ལེགས་སུ་བཏང་ནས་དཔལ་འབྱོར་ཚོང་གཉེར་བྱེད་པོ་འཕེལ་རྒྱས་ཀྱི་རྨང་གཞི་འཐུས་ཚང་དུ་གཏོང་བའི་ཐད། ཁེ་ལས་ཀྱི་ཐད་ཀའི་དངུལ་བསྡུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་དངུལ་བསྡུའི་མ་རྩ་ནུས་ལྡན་སྒོས་ཇེ་དམའ་རུ་བཏང་བ་དང་། དངུལ་བསྡུའི་ལས་ཕྱོགས་མཐོར་འདེགས་བཏང་། དངུལ་ཁང་འབྲིང་ཆུང་གིས་ལས་སྒོའི་དགོས་མཁོར་གཞིགས་ནས་མ་དངུལ་ཁ་གསབ་བྱེད་པར་ཁྲིད་སྟོན་བྱས། དངུལ་རྩའི་ལས་ཁུངས་ཀྱི་ལས་སྒོའི་འགན་སྲུང་ལ་ཤུགས་བསྣན་ཞིང་། སྲིད་གཞུང་རང་བཞིན་གྱི་དངུལ་བསྡུའི་ཁག་ཁུར་མ་ལག་འཐུས་ཚད་དུ་བཏང་སྟེ། ཁག་ཁུར་ལས་ཁུངས་ཀྱི་དངོས་ཤུགས་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བྱས།  ཁག་ཁུར་ལས་སྒོའི་གཞི་ཁྱོན་དང་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པར་ཁྲིད་སྟོན་བྱས་ནས། ཁྲོམ་ར་དར་སྤེལ་གྱི་ཡིད་རྟོན་ཇེ་དྲག་ཏུ་བཏང་།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།