གྲོང་གསེབ་མི་སྡོད་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། གཙང་ཞིང་མཛེས་པ། སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་བསྐྲུན་ཆེད། ཟླ6པའི་ཚེས25ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཞང་གིས་ས་ཁོངས་ཡོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་གཙང་སེལ་བྱ་འགུལ་སྤེལ་བ་རེད། ཐེངས་འདིའི་བྱ་འགུལ་ལ་ཕྱོགས་སོ་སོའི་སྟོབས་ཤུགས་རྒྱ་ཆེར་སྐུལ་སློང་བྱས་ཤིང་། ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་ལས་བྱེད་པས་སྣེ་ཁྲིད་དེ་དཔེ་སྟོན་དང་། གཞི་རིམ་གྱི་ཕྱུགས་རིགས་སྨན་པ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ། དང་བླངས་པ་བཅས་ཧུར་ཐག་གིས་བྱ་འགུལ་ནང་ཞུགས་ནས་སྡེ་མི་དང་མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་རེད།
བྱ་འགུལ་གྱིས་ཏང་འཛུགས་སྐྲུན་སྣེ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས། ཏང་ཡོན་ལས་བྱེད་པས་མདུན་དུ་གདོང་མཆོང་བྱས་ནས་འཕྲོད་བསྟེན་མི་ལེགས་པའི་ཟུར་དུ་ཕྱིན་ནས། གད་སྙིགས་གཙང་བཤེར་ལ་སྣེ་ཁྲིད་པ་དང་སྲོག་ཆགས་ཀྱི་བེམ་པོར་གནོད་མེད་ཅན་གྱི་གཙང་སེལ་བྱས་ཏེ། དོན་དངོས་བྱ་སྤྱོད་ལ་བརྟེན་ནས་མང་ཚོགས་དེའི་ཁྲོད་ཞུགས་པར་སྐུལ་སློང་བྱས། སྡེ་བ་སོ་སོའི་ལས་བྱེད་པས་སེམས་ཞིབ་མོས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་འགན་འཁྲི་ལས་བགོས་དང་ཁ་གསལ་བྱས་ནས་བྱ་འགུལ་ཕན་ནུས་ཆེ་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས།
བྱ་འགུལ་གྱིས་ཁོར་ཡུག་གཙང་སྦྲ་གཙོ་གནད་དུ་བཟུང་ཞིང་། ཞང་ཡོངས་ཀྱི་གཞུང་ལམ་གཙོ་བོ་དང་། སྡེ་བའི་མཐའ་འཁོར། ཆུ་ལམ་དང་ཁང་པའི་མདུན་རྒྱབ་སོགས་གཙོ་གནད་ས་ཁོངས་ལ་དྲ་བའི་རྣམ་པའི་གཙང་བཤེར་བྱས་པ་རེད། བྱ་འགུལ་ནང་ཞུགས་པའི་མིའི་ལག་ཏུ་གཙང་སྦྲའི་ཡོ་བྱད་བཟུང་ནས་ལམ་ངོས་ཀྱི་གད་སྙིགས་ཁྱོན་ཡོངས་ནས་གཙང་སེལ་བྱེད་པ་དང་། གང་འདོད་དུ་སྤུངས་པའི་གད་སྙིགས་གཙང་བཤེར། ཆུ་ལམ་དུ་གཡེང་བའི་གད་སྙིགས་བཏུས་ནས་སྒོ་རའི་ཁོར་ཡུག་ཇེ་ལེགས་སུ་བཏང་། ལོ་མང་པོའི་རིང་གི་འཕྲོད་བསྟེན་ཀྱི་གནད་དོན་ལ་དམིགས་ནས། ཚང་མས་དཀའ་ངལ་གྱི་མདུན་དུ་མགོ་མི་སྒུར་བ་དང་། མཉམ་དུ་འགག་སྒྲོལ་བྱས་ཏེ། བཅོས་སྐྱོང་ལ་ཆད་ལུས་མེད་པ་དང་ཡོངས་སུ་ཁྱབ་པར་འགན་ལེན་བྱས་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། བྱ་འགུལ་ནང་ཁྱོན་བསྡོམས་མི400ལྷག་ཙམ་ཞུགས་ཤིང་། གད་སྙིགས་རིགས་ཏུན5ཙམ་གཙང་བཤེར་དང། འཕྲོད་བསྟེན་གནས10ལྷག་ཙམ་བཅོས་སྐྱོང་བྱས་པ་མ་ཟད། སྲོག་ཆགས་ཀྱི་བེམ་པོ70ལྷག་གནོད་མེད་ཅན་གྱི་གཙང་སེལ་བྱས་པ་རེད།
བྱ་འགུལ་སྐབས་སུ་དྲིལ་སྒྲོག་དང་སློབ་གསོར་དུས་མཉམ་དུ་ཤུགས་བསྣན། དང་བླངས་པ་ཚོས་སྡེ་མིར་ཁོར་ཡུག་སྲུང་སྐྱོང་ཤེས་བྱ་དང་བདེ་ཐང་གི་འདུ་ཤེས་ལྟ་བ་ཧུར་ཐག་གིས་ཁྱབ་གདལ་བཏང་ཞིང་། འཕྲོད་བསྟེན་ཀྱི་གོམས་གཤིས་བཟང་པོ་ཆགས་པར་ཁྲིད་སྟོན་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་འགན་འཁྲི་གཙོ་བོ་མཐོར་གདེགས་གཏོང་བ། “ཁོར་ཡུག་ལ་གཅེས་སྐྱོང་བྱེད་པ་དང་། རང་ཉིད་ནས་མགོ་ཚུགས་པ་དང་དོན་དག་ཆུང་ཆུང་ནས་མགོ་རྩོམ་པའི”དཔལ་ཡོན་གྱི་དར་སྲོལ་དར་སྤེལ་བྱས་པ་རེད། བྱ་འགུལ་ཁྲོད་སྡེ་མིར་ངོས་ཟིན་ཐོབ་ནས་རང་འགུལ་ངང་ཁང་པའི་མདུན་རྒྱབ་ཀྱི་འཕྲོད་བསྟེན་སྲུང་སྐྱོང་བྱས་ནས་རྒྱུན་གཏན་གྱི་ཁོར་ཡུག་གཙང་སྦྲའི་ནང་ཧུར་ཐག་ཞུགས་པ་རེད།
ཐེངས་འདིའི་ས་ཁོངས་ཡོངས་ཀྱི་གཙང་སེལ་བྱ་འགུལ་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲའི་རྣམ་པར་ལེགས་བཅོས་བྱུང་ཡོད། སྡོད་དམངས་ལ་དེ་བས་ཀྱང་གཙང་སྦྲ་བཟང་ཞིང་མཛེས་སྡུག་ལྡན་པའི་འཚོ་བའི་བར་སྟོང་ཞིག་བཏོད་ཡོད་པ་མ་ཟད། ལས་བྱེད་པ་དང་མང་ཚོགས་ཀྱི་གོང་བུར་འགྲིལ་ཤུགས་ཀྱང་ནུས་ལྡན་ངང་ཆེ་རུ་ཕྱིན་ནས་ཞང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མཐོ་རུ་ཕྱིན་ཡོད། རྗེས་མར་ཁྱི་འབྲི་ཞང་གིས་རྒྱུན་མཐུད་ཀྱིས་བཅོས་སྒྲིག་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཁོར་ཡུག་གཙང་སྦྲའི་ཡུན་རིང་ཕན་ནུས་དོ་དམ་ནང་རྐྱེན་འཐུས་ཚང་དུ་གཏོང་བ། དུས་བཅད་ལྟར་བཅོས་སྐྱོང་བྱ་སྤྱོད་སྒྲིག་འཛུགས་བཅས་བྱས་ཏེ་གྲོང་གསེབ་ཁོར་ཡུག་གི་སྤུས་ཀ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་གཏིང་ཟབ་ཏུ་གཏོང་བར་ཁོར་ཡུག་གི་རྨང་གཞི་བརྟན་པོ་ཞིག་བསྐྲུན་རྒྱུ་རེད།།