མཚོ་སྔོན་གྱི་སྐྱེ་ཁམས་དུར་འཇུག་ལ་སྒོར1500ནས3000བར་གྱི་བྱ་དགའ་སྟེར་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟླ7པའི་ཚེས5ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གཉིས་ཀྱིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དམངས་ཕན་དུར་འཇུག་ལག་བསྟར་བྱེད་ཐབས》(གཤམ་དུ་བསྡུས་མིང་ལ《ལག་བསྟར་བྱེད་ཐབས》ཞེས་འགོད་རྒྱུ)དངོས་སུ་ལག་བསྟར་བྱ་རྒྱུ་རེད། ཐོག་མར་ཚོད་རྩིས་ལྟར་ན། སྲིད་ཇུས་འདིས་ཧ་ལམ་ལོ་ལྟར་མང་ཚོགས་ཀྱི་དུར་འཇུག་ཁུར་པོ་སྒོར་ཁྲི7000ལྷག་ཙམ་ཇེ་ཡང་དུ་བཏང་ནས་མང་ཚོགས་ལ་ཕན་དངོས་འདོགས་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 《ལག་བསྟར་བྱེད་ཐབས》ནང་མཚོ་སྔོན་ཞིང་ཆེན་གྱི་ཡུལ་མིའི་ཁྱིམ་ཐོ་དང་། མཚོ་སྔོན་དུ་ཡོད་ཀྱང་མཚོ་སྔོན་གྱི་ཁྱིམ་ཐོ་མིན་པའི་སློབ་གཉེར་བྱེད་མཁན་སློབ་མ། མཚོ་སྔོན་དུ་སྡོད་པའི་དམག་དཔུང་ཉེན་རྟོག་པ། མཚོ་སྔོན་དུ་སྡོད་པར་མ་ཟད་ད་དུང་རྒན་གསོ་འགན་སྲུང་འཇལ་མཁན་ཕྱི་ནས་ཡོང་བའི་ལས་མི་སོགས་རྒྱུན་སྡོད་ཡུལ་མི་ཚང་མར་སྐྱེ་ཁམས་དམངས་ཕན་གྱི་དུར་འཇུག་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་ཁ་གསལ་བཟོས་ཡོད། སྤྱོད་ཡུལ་གྱི་ཁྱབ་ཁོངས་དེ་སྔའི་སྲིད་ཇུས་དང་བསྡུར་ན་མཚོ་སྔོན་དུ་སྡོད་པའི་སྤྱི་ཚོགས་འགན་སྲུང་འཇལ་མཁན་མཚོ་སྔོན་གྱི་ཁྱིམ་ཐོ་མིན་པའི་ཡུལ་མི་དང་། མཚོ་སྔོན་དུ་སྡོད་པའི་སློབ་མ། དམག་དཔོན་བཅས་ཁ་སྣོན་བརྒྱབ་ཏེ། ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་བ་མ་ཟད་ད་དུང་ཁྱིམ་ཐོ་ཚད་བཀག་ལས་བརྒལ་ཏེ། ས་གནས་ཁག་གི་སྲིད་ཇུས་གསལ་བཤད་གསལ་བོ་མིན་པ་དང་ཚད་ལྡན་མིན་པའི་དབང་གིས་ཁོངས་གཏོགས་ས་ཁུལ་ནང་གི་མང་ཚོགས་ཀྱིས་སྲིད་ཇུས་ལོངས་སྤྱོད་བྱེད་མི་ཐུབ་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། དུར་འཇུག་ཞབས་ཞུ་ཡོངས་ཁྱབ་ཀྱི་ཕན་ནུས་དང་སྤྱོད་ཆོག་པའི་རང་བཞིན་ཇེ་ཆེར་བཏང་ཡོད།

《ལག་བསྟར་བྱེད་ཐབས》ནང་གཞི་རྩའི་དུར་འཇུག་ཞབས་ཞུའི་ཆག་ཡང་རྣམ་གྲངས་ནི་བེམ་པོ་སྐྱེལ་འདྲེན་གྲོན་དངུལ་དང་། བེམ་པོ་ཉར་ཚགས་བྱེད་དངུལ། ཞལ་གྱེས་ས་ཆ་བོགས་གཏོང་གྲོན་དངུལ། བེམ་པོ་མེ་སྲེག་གཏོང་དངུལ། དམངས་ཕན་རུས་ཐལ་སྒམ་སམ་རུས་ཐལ་ཁུག་མ། རུས་ཐལ་འཇུག་གནས་བཅས་རྣམ་གྲངས་6ཡིན་པ་ཁ་གསལ་བཟོས་པ་མ་ཟད། དེར་འབྲེལ་བའི་ནང་དོན་ཕྱོགས་ཡོངས་ནས་ཞིབ་ཕྲ་བཟོས་ཡོད། ཆག་ཡང་རྣམ་གྲངས་དེ་སྔའི་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་ཞལ་གྱེས་གནས་ཡུལ་བོགས་གཏོང་དང་། དམངས་ཕན་རུས་ཐལ་སྒམ་ཡང་ན་རུས་ཐལ་ཁུག་མ་གཉིས་ཁ་སྣོན་བྱས་པ་དང་། དེ་སྔའི་རུས་ཐལ་ཉར་ཚགས་ལོ་གཅིག་ནང་རིན་མི་དགོས་པར་སྲིད་གཞུང་གིས་བཙུགས་པའི་དུར་ཁང་དང་། རུས་ཐལ་ཁང་། སྤྱི་པའི་དུར་ས་བཅས་སུ་རུས་ཐལ་འཇུག་གནས་རིན་མི་དགོས་པར་ལེགས་སྒྲིག་བྱས་ཡོད། དུར་འཇུག་གྲོན་དངུལ་དང་སྲུང་སྐྱོང་དོ་དམ་གྲོན་དངུལ་མེད་པར་བཟོས་ནས་ཞིང་ཆེན་ཡོངས་ཀྱི་ཆག་ཡང་རྣམ་གྲངས་གཅིག་གྱུར་མིན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་དུར་འཇུག་གི་སྤྱི་ཕན་ངོ་བོ་གང་ལེགས་མངོན། རུས་ཐལ་སམ་བེམ་པོ་ཉར་ཚགས་མི་བྱེད་པར“ཚེ་སྲོག་སྡོང་བོ”ངོས་འཛིན། རྩིག་ངོས་དུར་འཇུག། མེ་ཏོག་གི་དུར་འཇུག  རྩྭ་ཐང་དུར་འཇུག  སྡོང་བུར་དུར་འཇུག་སོགས་སྐྱེ་ཁམས་དུར་འཇུག་བྱེད་སྟངས་ལྟར་དུར་འཇུག་བྱས་ན་མི་རེར་སྒོར1500ནས3000བར་གྱི་ཐེངས་གཅིག་བྱ་དགའ་སྤྲད་རྒྱུ་གསལ་འབེབས་བྱས།

གཞན་ཡང《ལག་བསྟར་བྱེད་ཐབས》ནང་ད་དུང་ཆ་རྐྱེན་དང་མཐུན་པའི་མང་ཚོགས་ཀྱིས་ཞིང་ཆེན་ནང་ཁུལ་གྱི་དུར་འཇུག་ཁང་(དུར་འཇུག་ཞབས་ཞུའི་ས་ཚིགས)དུ་དུར་འཇུག་དོན་དག་སྒྲུབ་ཚེ། གཞི་རྩའི་དུར་འཇུག་ཞབས་ཞུའི་འགྲོ་གྲོན་ཆག་ཡང་ནི་དེ་སྔའི་ཁྱིམ་ཐོ་འགོད་ཡུལ་གྱི་དམངས་སྲིད་ལས་ཁུངས་ཀྱིས་རྩིས་སྤྲོད་བྱ་བའི་རིམ་པ་དེ་སྒྲིག་གཞིའི་ནང་གི“གཅིག་འཐེན་ས་ཚིགས”ཀྱི་ཐད་ཀར་ཆག་ཡང་དུ་བཏང་ནས་མང་ཚོགས་ལ་སྟབས་བདེ་སྐྲུན་རྒྱུ། ཞིང་ཆེན་ཕྱི་ནས་ཚེ་འདས་བྱས་ཤིང་མེ་སྲེག་གཏོང་བ་ཡིན་ན་ཞིང་ཆེན་དེའི་གྲོང་མིའི་ཁྱིམ་ཐོ་གནས་ཡུལ་རྫོང་རིམ་པའི་དམངས་དོན་ཅུའུ་ནས་རང་ཞིང་གི་ཆག་ཡང་གི་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་གྱི་དུར་འཇུག་ཁ་གསབ་རེ་ཞུ་བྱས་ཆོག་པ་དང་། གལ་ཏེ་རུས་ཐལ་སྒམ་དང་རུས་ཐལ་ཁུག་མ། རུས་ཐལ་འཇོག་ས་བཅད་ཐད་དགོས་མཁོ་ཡོད་ཚེ་རིན་མེད་ངང་མཁོ་འདོན་བྱ་རྒྱུ། རེ་ཞུའི་ཆ་རྐྱེན་དང་མཐུན་པའི་སྐྱེ་ཁམས་དུར་འཇུག་གི་བྱ་དགའ་དང་ཁ་གསབ་མ་དངུལ་ལེན་ན་ཁྱིམ་ཐོ་ཡོད་སའི་རྫོང་རིམ་པའི་དམངས་སྲིད་ལས་ཁུངས་དུ་ཐད་ཀར་རེ་ཞུ་བྱས་ན། དམིགས་འཛུགས་ཞབས་ཞུ་ལས་ཁུངས་ཀྱི་ཁས་ལེན་གོ་རིམ་བརྒྱུད་མི་དགོས་པས་སྲིད་ཇུས་དེས་དམངས་ལ་སྟབས་བདེ་བསྐྲུན་ཡོད་དོ། །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།