མཚོ་སྔོན་གྱི་ས་ཆ་གསུམ་གྱིས་དུས་མཉམ་དུ་ཉ་ཕྲུག་ཁྲི110ལྷག་ཙམ་ཆུར་གཏོང་བྱས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ6པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས6ཉིན“རྒྱལ་ཡོངས་ཉ་གཏོང་ཉིན་མོ”ཡི་རིང་ཞིང་ལས་ཞིང་སྡེ་པུའུ་ཡིས་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་རང་རེའི་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བཅས་ས་ཆ་གསུམ་དུ་ཆུའི་སྐྱེ་དངོས་ཆུར་གཏོང་བྱེད་སྒོ་དུས་མཉམ་དུ་སྤེལ་བ་དང་། བསྡོམས་པས་ཉ་ཕྲུག་ཁྲི110ལྷག་ཙམ་བཏང་བའི་ནང་ཉ་ལུའོ་ལི་ཁྲ་བོའི་ཉ་ཕྲུག་ཁྲི10.3དང་མཚོ་སྔོན་པོའི་ཉ་ལུའོ་ལིའི་ཉ་ཕྲུག་ཁྲི100བཏང་བ་རེད།

མཚོ་སྔོན་གྱིས་ཐོག་མཐའ་ཀུན་ཏུ་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་དང་ཉ་སོན་ཆུར་གཏོང་གི་ལས་དོན་ལ་མཐོང་ཆེན་ཚད་མཐོ་བྱས་ཡོད། 2003ལོར་མིས་བཟོས་གསོ་སྤེལ་དང་ཆུར་གཏོང་གི་མགོ་ཚུགས་པ་ནས་བཟུང་རིམ་རྩིས་བྱས་ན་ཞིང་ཆེན་ནང་ཁུལ་གྱི་ཆུ་ཁོངས་སུ་ཉ་རིགས་སྣ་ཚོགས་དུང་ཕྱུར2.6བཏང་བ་རེད། མིག་སྔར། མཚོ་སྔོན་པོའི་ཉ་ལུའོ་ལིའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི12.75བར་སླར་གསོ་བྱས་ཡོད། ཉེ་ཆར། ཀྲུང་གོའི་ཆུ་ཐོན་ཚན་རིག་ཞིབ་འཇུག་གླིང་འབྲི་ཆུའི་ཆུ་ཐོན་ཞིབ་འཇུག་ཁང་དང་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས། ཧྲང་ཧའེ་གྲོང་ཁྱེར་ཆུ་སྐྱེས་རྒོད་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་བཅས་ཀྱི་མཉམ་འབྲེལ་བརྟག་དཔྱད་ཚོགས་པས་སྨར་ཁོག་གཙང་པོའི་གདོད་མའི་འཚོ་གནས་ཁུལ་ནས་ཤིན་ཏུ་དཀོན་པའི་ཉ་ཁྲོན་ཧྲའན་ཀྲེ་ལུའོ་ཀུའེ་ཡི་རིགས་སླར་ཡང་རྙེད་པ་དེས་མཚོ་སྔོན་ཞིང་ཆེན་གྱིས་ཉ་རིགས་དཀོན་པོའི་སྲུང་སྐྱོང་ཐད་ཐོབ་པའི་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་ར་སྤྲོད་གང་ལེགས་བྱས་ཡོད།

ཉ་སོན་ཆུར་གཏོང་ནི་ཆུ་སྐྱེས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་པ། ཉ་ལས་ཐོན་ཁུངས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པའི་ངོས་ནས་དེའི་སྐྱེ་ཁམས་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་པོར་འགྲོ་བཞིན་ཡོད་པ་རེད། མཚོ་སྔོན་གྱིས་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཉ་ལྷིང་བུ་ཁ་ལུག་དང་། གཙང་ཉ་རྩ་མ་ལྷིང་། དེ་བཞིན་མཚོ་སྔོན་པོའི་ཉ་ལུའོ་ལི་སོགས་རྩ་ཆེའི་སྲོག་ཆགས་སྐྱེ་འཕེལ་དང་ཆུར་གཏོང་གི་ལས་དོན་གཙོར་བཟུང་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 2025ལོར་ཆུར་གཏོང་བྱས་པའི་ཉ་ཕྲུག་རིགས་སོ་སོར་ཁྱོན་བསྡོམས་ཁྲི910ཡོད་པ་དང་ཞིང་ཆེན་གྱི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་ཁྱུ་ཚོགས་སླར་གསོ་ནུས་ལྡན་དང་ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་དུ་ཇེ་ལེགས་སུ་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།