མཚོ་སྔོན་གྱིས་དྲ་རྒྱའི་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་རོགས་རམ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན ཟླ6པའི་ཚེས12ཉིན“དྲ་རྒྱའི་ཁྲིམས་སྐྱོང་གིས་ལང་ཚོ་དྭངས་གསལ་ལ་སྲུང་སྐྱོབ་བྱེད་པའི་དྲ་རྒྱ་ཡིས་ང་འཚར་ལོངས་དང་འགྲོགས་པའི”བརྗོད་བྱ་གཙོ་བོར་བྱས་པའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་མཚོ་སྔོན་ཧའེ་པེ་བོད་རིགས་རང་སྐྱོང་ཁུལ་མཐོ་རིམ་སློབ་འབྲིང་གསུམ་པ་དང་ཆི་ལན་རྫོང་སློབ་འབྲིང་དང་པོར་བསྐྱོད་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་ཨུ་ལྷན་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གི་དྲིལ་སྒྲོག་ཚོགས་པས་གསོན་ཉམས་ལྡན་པའི་གྱོད་དཔེ་དང་མཉམ་འགུལ་འགྲེལ་བཤད་བྱས་པ་བརྒྱུད་གཞོན་ནུ་ལོ་ཆུང་སློབ་མར་སློབ་གསོའི་དོན་སྙིང་དང་ལག་ལེན་གྱི་མཛུབ་ཁྲིད་གཉིས་ལྡན་གྱི་དྲ་རྒྱའི་ཁྲིམས་སྐྱོང་དང་བདེ་འཇགས་ཤེས་བྱའི“གསོལ་སྟོན་ཆེན་པོ”ཞིག་འཁྱེར་ནས་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་དྲ་རྒྱའི་འགོག་སྲུང་ཐིག་བརྟན་པོ་བསྐྲུན་ཡོད། 

བྱེད་སྒོའི་ཁྲོད་སྒྲགས་བཤད་ཚོགས་པའི་ཁོངས་མིས་ལོ་ན་མ་སོན་པའི་དྲ་རྒྱའི་སྲུང་སྐྱོང་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས།སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་དམིགས་ནས།གཞོན་ནུ་ལོ་ཆུང་རྣམས་ཀྱི་སྤྱི་ཚོགས་འབྲེལ་འདྲིས་རོལ་རྩེད་ལ་དགའ་པོ་བྱེད་པ་དང་ཡ་མཚན་སྐྱེ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་དྲ་རྒྱའི་དཀྲོག་གཏམ་དང་།དྲ་རྒྱའི་བརྙན་འགོད།དྲ་རྒྱའི་ཁུ་སྒྲུབ།མི་སྒེར་གྱི་ཆ་འཕྲིན་ཕྱིར་བཤོལ་སོགས་རྒྱུན་མཐོང་གི་དྲ་རྒྱའི་ཁྲིམས་འགལ་བྱ་སྤྱོད་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་རེད། གྱོད་དཔེ་དོན་དངོས་ལ་གསོན་ཉམས་ལྡན་པའི་གསལ་འགྲེལ་བྱས་པ་བརྒྱུད།དྲིལ་བསྒྲགས་ཚོགས་པས་དགེ་སློབ་ཚོར་ཇི་ལྟར་བྱས་ནས་དྲ་རྒྱའི་གཡོ་དཀྲི་དབྱེ་འབྱེད་དང་།དྲ་རྒྱའི་ཁ་བསླུས་འགོག་རྒྱུན།བདེ་འཇགས་དང་དཔལ་ཡོན་ལྡན་པའི་དྲ་ཞུགས་སོགས་ཀྱི་དངོས་སྤྱོད་ཤེས་བྱ་རྒྱུད་རིམ་ལྡན་པའི་སྒོ་ནས་ཁྱབ་གདལ་བཏང་ནས་གཞོན་ནུ་ལོ་ཆུང་ལ་ཡང་དག་པའི་དྲ་རྒྱའི་ཁྲིམས་སྐྱོང་འདུ་ཤེས་འཛུགས་རྒྱུའི་ཁྲིད་སྟོན་བྱས། 

ཐེངས་འདིའི“དྲ་རྒྱའི་ཁྲིམས་སྐྱོང་སློབ་གྲྭར་བསྐྱོད་པའི”བྱེད་སྒོ་དེས་གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་བྱང་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་པ་མ་ཟད།དེ་བས་ཤུགས་རྐྱེན་ཐེབས་པའི་ཁྲོད་ཁྲིམས་སྐྱོང་གི་ས་བོན་བཏབ་ཡོད། ཧའེ་པེ་སློབ་འབྲིང་གསུམ་པའི་སློབ་མ་ཞིག་གིས་དྲིལ་བསྒྲགས་ཉན་རྗེས་མྱོང་ཚོར་ཟབ་མོ་བྱུང་།“སྔོན་ཆད་ཞིབ་དཔྱད་མ་བྱས་པའི་གནས་ཚུལ་གང་བྱུང་དུ་བརྒྱུད་བསྒྲགས་བྱས་ན་ཁྲིམས་འགལ་གྱི་དོགས་པ་ཡོད་སྲིད་སྙམ་མྱོང་མེད།སླད་ཕྱིན་དེ་བས་གཟབ་ནན་བྱེད་ངེས་ཡིན”ཞེས་བཤད། ཆི་ལན་རྫོང་གི་སློབ་ཆུང་དང་པོའི་དགེ་རྒན་གྱིས་ཀྱང་བྱེད་སྒོ་དེས་སློབ་མའི་དྲ་རྒྱའི་ཉེན་ཁ་སྔོན་འགོག་ནུས་པ་ཆེ་རུ་ཕྱིན་ནས་སྐྱོན་བྲལ་དང་།རིག་གནས།བདེ་འཇགས་བཅས་ཀྱི་སློབ་གྲྭའི་དྲ་རྒྱའི་ཁོར་ཡུག་འཛུགས་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་བཤད།  

ཞིང་ཆེན་ཨུ་ལྷན་དྲ་འཕྲིན་གཞུང་དོན་ཁང་དྲིལ་བསྒྲགས་ཚོགས་པའི་ཁོངས་མིས་ད་ཐེངས་ཀྱི་བྱེད་སྒོ་དེ“གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་དང་།ཁྲིམས་ལ་བརྟེན་ནས་གནས་ལུགས་གསལ་པོ་བཟོ་བའི”བྱ་ཐབས་བརྒྱུད་གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་ཁྲིམས་སྐྱོང་འདུ་ཤེས་དང་རང་ཉིད་སྲུང་སྐྱོང་ནུས་པ་ཆེ་རུ་ཏན་ཏིག་ཕྱིན་ཡོད་ཅེས་བཤད་པ་རེད། འབྱུང་འགྱུར་དྲ་རྒྱའི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་དྭངས་གསལ་གྱི་དྲ་རྒྱའི་བར་སྟོང་དེ་གཞོན་ནུ་ལོ་ཆུང་གིས་གྲངས་ཀའི་འཇིག་རྟེན་འཚོལ་ཞིབ་བྱེད་པའི་འགན་ལེན་བརྟན་པོ་ཞིག་ཏུ་འགྱུར་བ་དང་།ཁོང་ཚོ་ཁྲིམས་སྐྱོང་གི་ཉི་འོད་འོག་འཚར་ལོངས་ཆེན་པོ་ཡོང་བར་རོགས་རམ་བྱས་ནས་དེ་བས་ངོ་མཚར་ཆེ་བའི་གྲངས་ཀའི་འབྱུང་འགྱུར་འཐམ་འཁྱིལ་བྱ་རྒྱུརེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།