ཞི་ཅིན་ཕིང་གི་རིག་གནས་བསམ་བློ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱ་ཆེད་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་བསྒྱུར་བ་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ཏུ་བསྟར་ཆེད། “རིག་གནས་སྟོབས་ལྡན་གྲོང་ཁྱེར”འཛུགས་སྐྲུན་བྱེད་པར་ཏན་ཏིག་ངང་སྐུལ་འདེད་བཏང་སྟེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས2025ལོའི་ལོ་འཁོར་གྱི་གྲོང་ཁྱེར་རིམ་པའི་དམངས་ཁྲོད་བཟོ་རྩལ་པ་དཔྱད་བཤེར་གྱི་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་མཇུག་བསྒྲིལ། ཐེངས་འདིའི་དཔྱད་བཤེར་ཁྲོད“དྲང་བདེན། དྲང་གཞག ཁྲོམ་བསྒྲགས”བཅས་ཀྱི་རྩ་དོན་ནན་གྱིས་གཞིར་བཟུང་ཞིང་། དེའི་དམིགས་ཡུལ་ནི་ཕུལ་དུ་བྱུང་བའི་ལག་རྩལ་དང་གསར་གཏོད་ཀྱི་ནུས་པ་གཉི་ག་འཛོམས་པའི་བཟོ་རྩལ་འཇོན་མི་བདམས་ཏེ་དམངས་ཁྲོད་ཀྱི་བཟོ་རྩལ་རྒྱུན་འཛིན་པའི་དཔུང་སྡེ་རྒྱ་བསྐྱེད་ནས“ཀྲུང་གོའི་ཐང་གའི་གྲོང་ཁྱེར”གྱི་ཟོང་རྟགས་ལ་སྟོབས་ཤུགས་གསར་པ་བསྩལ་རྒྱུ་དེ་ཡིན།
ཆ་རྐྱེན་དང་འཚམ་པའི་བཟོ་རྩལ་པ་མང་པོས་དཔྱད་བཤེར་ལ་རྒྱུས་མངའ་ཆེད། གྲོང་ཁྱེར་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་དྲིལ་སྒྲོག་བྱེད་ཐབས་སྣ་མང་སྤྱད། དྲ་ཐོག་གི་སྤྱི་བསྒྲགས་དང་ཚོགས་པའི་ནང་གི་བརྡ་སྦྱོར་སོགས་དྲ་ལམ་གྱི་བྱེད་ཐབས་དང་། མངའ་ཁུལ་དང་སྡེ་ཁུལ་དུ་སྤྱི་བསྒྲགས་སྦྱོར་བ་སོགས་དྲ་ཕྱིའི་བྱེད་ཐབས་བརྒྱུད་དེ་གཅིག་ཀྱང་མ་ལུས་པར་ཕྱོགས་ཡོངས་སུ་ཁྱབ་པའི་རྒྱ་ཆེར་སྐུལ་སློང་བྱེད་པའི་དྲིལ་སྒྲོག་སྤེལ། སྔོན་གྱི་རེ་ཞུའི་བྱ་བ་གྲོང་རྡལ་རེ་རེ་དང་ཁྱིམ་ཚང་རེ་རེ། བཟོ་རྩལ་པ་རེ་རེ་ལ་ཁྱབ་པར་བརྩོན་ལེན་བྱས་ཏེ་དཔྱད་བཤེར་གྱི་བརྡ་སྦྱོར་མིའི་སེམས་གཏིང་དུ་ཟུག་ཏུ་བཅུག
ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་པ་དང་ཆེད་མཁས་པ། རིག་གནས་པ། ཉམས་མྱོང་ཅན་གྱི་བཟོ་རྩལ་པ་བཅས་ལས་གྲུབ་པའི་དཔྱད་བཤེར་ཨུ་ཡོན་ལྷན་ཚོགས་བཙུགས། ཁོ་ཚོས་ཕུན་སུམ་ཚོགས་པའི་ཆེད་ལས་ཤེས་བྱ་དང་ལག་ལེན་གྱི་ཉམས་མྱོང་ལ་བརྟེན་ནས་རེ་ཞུ་བྱེད་མཁན་གྱི་ཐོབ་ཐང་ཆ་རྐྱེན་དང་བརྩམས་ཆོས་ཀྱི་སྒྱུ་རྩལ་གྱི་ཆུ་ཚད། གསར་སྐྲུན་གསར་གཏོད་ཀྱི་ནུས་པ་སོགས་ཟུར་མང་པོར་ཕྱོགས་ཡོངས་དང་ཞིབ་ཚགས་ཀྱི་དཔྱད་བཤེར་བྱས།
རིམ་པ་རེ་རེའི་གཟབ་ནན་གྱི་དཔྱད་བཤེར་བརྒྱུད་ནས། མཇུག་མཐར་ཆེད་ལས་ལག་རྩལ་མི་སྣ105གཟེངས་སུ་ཐོན་ཏེ་དམངས་ཁྲོད་བཟོ་རྩལ་པའི་བབ་མཚུངས་ཀྱི་དཔང་ཡིག་ཐོབ། ཐེངས་འདིའི་དཔྱད་བཤེར་བྱས་པའི་བརྩམས་ཆོས་ལ་ཐང་ག་དང་གཙགས་དྲུབ། འཇིམ་བཟོ། གསེར་དངུལ་གྱི་ཅ་ལག་སོགས་རེབ་གོང་སྒྱུ་རྩལ་སྲོལ་རྒྱུན་བཟོ་རྩལ་གྱི་རིགས་མང་པོ་འདུས་པས། རེབ་གོང་སྒྱུ་རྩལ་གྱི་ཕུན་སུམ་ཚོགས་པའི་ནང་སྙིང་དང་སྣ་མང་བའི་འགུག་ཤུགས་ཡོངས་སུ་མངོན་ཡོད། གསར་དུ་བདམས་ཐོན་བྱུང་བའི་བཟོ་རྩལ་པའི་ཁྲོད་དུ་ལས་རིགས་འདིར་ལོ་མང་པོར་ཆེད་དུ་འཇུག་པའི་ཉམས་མྱོང་ཅན་གྱི་བཟོ་པ་ཡོད་ལ། འཇོན་ཐང་ཐོག་མར་ཐོན་པའི་ན་གཞོན་ཡང་ཡོད་པས། ཐུན་རིན་གྲོང་ཁྱེར་གྱི་དམངས་ཁྲོད་བཟོ་རྩལ་འཇོན་མིའི་དཔུང་སྡེའི་སྣ་མང་རང་བཞིན་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ཡོངས་སུ་མངོན་ཡོད།
ཐེངས་འདིའི་གྲོང་ཁྱེར་རིམ་པའི་དམངས་ཁྲོད་བཟོ་རྩལ་པའི་དཔྱད་བཤེར་གྱི་བྱ་བ་ནི་ཐུན་རིན་གྲོང་ཁྱེར་གྱི་དམངས་ཁྲོད་བཟོ་རྩལ་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། གཟབ་ནན་གྱི་དཔྱད་བཤེར་གོ་རིམ་དང་ཚན་རིག་དང་མཐུན་པའི་དཔྱད་བཤེར་གྱི་ཚད་གཞི་བརྒྱུད་ནས་ཕུལ་དུ་བྱུང་བའི་དམངས་ཁྲོད་བཟོ་རྩལ་འཇོན་མི་སྐོར་ཞིག་བདམས་ཐོན་བྱུང་ལ། དེས་ཐུན་རིན་གྲོང་ཁྱེར་གྱི་དམངས་ཁྲོད་བཟོ་རྩལ་ལས་རིགས་ཀྱི་རྒྱུན་རིང་བའི་འཕེལ་རྒྱས་ལ་འཇོན་མིའི་རྨང་གཞི་བརྟན་པོ་བཏིངས། །