མགོ་ལོག་གི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས9ཉིན།གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མགོ་ལོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་ནས། ད་ལྟའི་བར་དུ་མགོ་ལོག་ཁུལ་གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་བཟང་བའི་ཉིན་གྲངས་བསྡུར་ཚད་བརྒྱ་ཆའི་གོ་དགུ་གྲངས་ཆུང་དྲུག་ལ་སླེབས་ཡོད། མངའ་ཁོངས་ཀྱི་རྨ་ཆུ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་ས་ངོས་ཆུའི་སྤུས་ཚད་རིགས་གཉིས་ཅན་གྱི་ཚད་གཞི་རྒྱུན་མཐུད་བྱས་ཡོད་པ་དང་། རྫོང་སོ་སོའི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་ཁུངས་གྱི་ཆུའི་སྤུས་ཚད་བརྒྱ་ཆའི་བརྒྱར་སླེབས་ཡོད་ལ། རྨ་ཆུའི་མངའ་ཁོངས་ལས་བརྒལ་བའི་ཆུའི་སྤུས་ཚད་རིགས་གཅིག་ཅན་ལ་སླེབས་ཡོད་པ་དང་། སྤྱི་ཡོངས་ཀྱི་ཆུའི་སྤུས་ཚད་བཟང་ལ། ཁུལ་ཡོངས་ཀྱི་མངའ་ཁོངས་སུ་མི་གཙང་བའི་བཙོག་ཆུ་མེད་པ་དང་། མི་དམངས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ཐད་གོ་ཆོད་པའི་འགན་སྲུང་བྱས།

ཉེ་བའི་ལོ་འདི་འགའི་རིང་།སྦག་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་ཆེད། མགོ་ལོག་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་ཆེད་སྤྱོད་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་གཉིས་བརྩོན་ལེན་དངོས་འབེབས་བྱས་ཏེ། སྐྱེ་ཁམས་སླར་གསོ་སྲུང་སྐྱོབ་བཟོ་སྐྲུན24ལག་བསྟར་བྱས། འབབ་རྒྱུན་གཙོ་བོའི་ཆུའི་ཁོར་ཡུག་སྤུས་ཚད་བཅོས་སྒྱུར་བྱུང་བ་མངོན་གསལ་རེད། 

ནུས་ལྡན་གྱི་ཚོད་འཛིན་མ་ལག་འཛུགས་ཆེད།མགོ་ལོག་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་འགུལ་རྣམ་གསར་བསྒྱུར་གསལ་ཐོ་འཟོས་པ་དང་འབྲེལ་ལག་བསྟར་བྱས་ཏེ། ཁུལ་དང་རྫོང་གཉིས་བར་གྱི་བར་སྟོང་བཀོད་སྒྲིག་ཚོད་འཛིན་དང་། སྦག་བཙོག་དངོས་པོ་ཕྱིར་གཏོང་ལ་དོ་དམ་ཚོད་འཛིན་བྱེད་པ། ཁོར་ཡུག་གི་ཉེན་ཁ་ཚོད་འཛིན་དང་། ཐོན་ཁུངས་གསར་སྤེལ་གྱི་ལས་ཆོད་བླང་བྱ་སོགས་ཐད་ཀྱི་དོ་དམ་ཚོད་འཛིན་མ་ལག་ཁ་གསལ་བཟོས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།