མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “ཟི་ལིང་གསར་སྤེལ་ཁུལ་དང་ཉིང་ཏེ་དུས་རབས་བར་མཉམ་ལས་གལ་ཆེན་བྱུང་ཡོད། ཉིང་ཏེ་དུས་རབས་ཀྱིས་མཚོ་སྔོན་དུས་རབས་ནུས་རྒྱུ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སིའི་ད་ཡོད་རྣམ་གྲངས་ཀྱི་རྨང་གཞིའི་ཐོག་མ་དངུལ་སྒོར་དུང་ཕྱུར་5ཁ་སྣོན་བཏང་སྟེ། ནུས་རྒྱུ་གསར་པའི་ཐོན་ལས་བཀོད་སྒྲིག་ལ་དམིགས་ནས། ལས་རིམ་རྗེས་མའི་ལེ་ལག་ཚང་བའི་འཛུགས་སྐྲུན་ལ་གཙོ་གནད་དུ་སྐུལ་འདེད་བཏང་སྟེ། ཟི་ལིང་གསར་སྤེལ་ཁུལ་དང་ལག་གདང་སྦྲེལ་ནས་ལིས་གློག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།"ཟླ6པའི་ཚེས9ཉིན་ཟི་ལིང་(རྒྱལ་ཁབ་རིམ་པའི་)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས། དེར་བརྟེན་ཟི་ལིང་གསར་སྤེལ་ཁུལ་གྱིས་ཐོན་ལས་སྦྲེལ་ཐག་མི་འདྲ་བར་དམིགས་ནས་འཕེལ་རྒྱས་ཐབས་ཇུས་གཏན་འཁེལ་བྱས་པའི་གཅིག་སྡུད་ཕན་འབྲས་རྒྱུན་མཐུད་ངང་ཐོན་ནས་ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱིས་ཉིང་ཏེ་མ་འཇོག་བྱེད་པའི་མངའ་ཁོངས་རྒྱ་ཆེར་གཏོང་རྒྱུའི་ཡིད་དབང་བཀུག་ཡོད།
“རྣམ་གྲངས་དེ་ཟླ་7པར་འཛུགས་སྐྲུན་བྱེད་འགོ་ཚུགས་ནས་སང་ལོའི་ཟླ་5པར་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུ་ཡིན་ཞིང་།སྔོན་དཔག་བྱས་ན་ལས་ཞུགས་ལས་གནས500ལྷག་མཁོ་འདོན་བྱེད་ཐུབ། རྣམ་གྲངས་ལེགས་གྲུབ་བྱས་རྗེས་མཚོ་སྔོན་དུས་རབས་ཀྱི་བཟོ་རྩལ་འབྲེལ་ཐག་འཐུས་ཚང་མེད་པ་དང་། སྣེ་ལེབ་ཕྱི་ཕྱོགས་ཀྱི་ལས་སྣོན་དང་སྐྱེལ་འདྲེན་ལ་བརྟེན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་ཐོན་ནུས་ཕྱིར་གཏོང་སྔར་བས་བརྟན་པོ་དང་ཐོན་སྐྱེད་མ་གནས་དམའ་རུ་འགྲོ་ཐུབ”ཅེས་མཚོ་སྔོན་དུས་རབས་ནུས་རྒྱུ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་བཤད།
ཟི་ལིང་གསར་སྤེལ་ཁུལ་གྱི་གཙོ་གནད་དོ་ཁུར་བྱེད་པའི་ཐོན་ལས་ཤིག་ཡིན་པའི་ནིན་ཏེ་དུས་རབས་སུ་མ་འཇོག་ཁ་སྣོན་བྱས་པ་དེ་ཟི་ལིང་གསར་སྤེལ་ཁུལ་གྱིས་ནུས་རྒྱུ་གཙང་མའི་ཐོན་ལས་གསར་འབྱེད་བྱེད་པའི་བསྡུས་རིས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། ད་ལོ་ཚུན་དུ། ཟི་ལིང་གསར་སྤེལ་ཁུལ་གྱིས་རྒྱལ་ཁབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་དང་ལེན་ཧུར་ཐག་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར་གྱི་ཐོན་ལས་སྤོ་སྒྱུར་འཕེལ་རྒྱས་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཁ་ཕྱོགས5དང་ཞིབ་ཕྲའི་ཁྱབ་ཁོངས18ལ་དམིགས་ནས། 《བཟོ་སྐྲུན་ལས་རིགས་སྤོ་སྒྱུར་གོ་རིམ་ལྡན་པའི་སྒོ་ནས་དང་ལེན་བྱ་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》(གཤམ་དུ་བསྡུས་མིང་ལ《ཇུས་གཞི》ཟེར)གཏན་འབེབས་བྱས་ཏེ་ཐོན་ལས་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་སྤོ་སྒྱུར་བྱེད་པར་ཁྲིད་སྟོན་བྱས་ཏེ། ཐོན་ལས་མཐོ་རིམ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
《ཇུས་གཞིའི》ནང་ཟི་ལིང་གསར་སྤེལ་ཁུལ་གྱི་གནས་ཡུལ་འགྲིམ་འགྲུལ་དང་ལྗང་མདོག་གློག་ཤུགས་ཐོན་ཁུངས་སོགས་ཕྱོགས་མང་པོའི་ལེགས་ཆ་གཞིར་བཟུང་སྟེ།“ཁུལ་གཅིག་དང་གླིང་བཞིའི”ཐོན་ལས་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས་ཐོན་ལས་ཁག་གི་འཕེལ་རྒྱས་གནས་ངེས་ཁ་གསལ་བཟོས་ཡོད། འོད་ཤུགས་བཟོ་སྐྲུན་ཁྱབ་ཁོངས་སུ་དུང་ཕྱུར་སྟོང་རིམ་པའི་ཐོན་ལས་ཁྱུ་ཚོགས་ཀྱི་རྨང་གཞིར་བརྟེན་ནས། ནུས་ཆེའི་གློག་སྨན་Nརིགས་སོགས་དབུས་རྒྱུད་དང་སྨད་རྒྱུད་ཀྱི་འགག་རྩའི་ལྷུ་ཚིགས་རྣམ་གྲངས་གཙོ་གནད་ཐོག་དང་ལེན་བྱས་ཏེ། སྦྲེལ་ཐག་ཡོངས་ཀྱི་ལེགས་ཆ་ཆེ་རུ་གཏོང་དགོས། ལིས་གློག་གི་ནུས་གསོག་ཐད། ཚྭ་མཚེའུ་ལིས་ཐོན་ཁུངས་གསར་སྤེལ་ལ་དམིགས་ནས་ལིས་གློག་སྨན་གྱི་ལྟེ་བའི་རྒྱུ་ཆ་དང་མ་ལག་འདུས་གྲུབ་ལེ་ལག་ཚང་བའི་རྣམ་གྲངས་བཀོད་སྒྲིག་བྱས་ཏེ་ནུབ་བྱང་གི་ནུས་གསོག་མ་ལག་འདུས་གྲུབ་རྟེན་གཞི་བསྐྲུན་པ། ནུས་གསོག་ཁྱབ་ཁོངས་གསར་པ་དེ་མདུན་གྲལ་ལག་རྩལ་ཐོན་ལས་ཅན་དུ་འགྱུར་བ་དང་།ནུས་གསོག་བྱེད་སྟངས་སྣ་ཚོགས་གློག་དྲ་ཕྱོགས་སུ་གཞི་ཁྱོན་ཅན་དུ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཆིང་ནུས་ཐོན་ལས་ཀྱིས་རྨང་གཞིའི་རྒྱུ་ཆའི་ལེགས་ཆར་བརྟེན་ནས།འབྲེལ་ཡོད་སྒྲིག་ཆས་དང་མ་ལག་རྣམ་གྲངས་དང་ལེན་བྱས་ཏེ།ཆིང་ནུས་གསོག་བཀོལ་སྤྱོད་རྣམ་པ་འཚོལ་ཞིབ་བྱས། ཚྭ་མཚེའུ་ཞིབ་ཚགས་རྫས་འགྱུར་བཟོ་ལས་ཀྱིས་དམིགས་བསལ་གྱི་ཨར་འདམ་སོགས་ཀྱི་རྣམ་གྲངས་དང་ལེན་བྱས་ཏེ“ལྡུམ་རའི་ནང་གི་ལྡུམ་ར”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
གཞན་ཡང་བསྲེས་ལྕགས་རྒྱུ་ཆ་དང་། དམིགས་བསལ་ལྕགས་བསྲེས་ལྕགས་དང་།གློག་རྡུལ་ཆ་འཕྲིན་རྒྱུ་ཆ།མདུན་གྲལ་རྒྱུ་ཆ་སོགས་ཁྱབ་ཁོངས་སུ་ཟི་ལིང་གསར་སྤེལ་ཁུལ་གྱིས་ཀྱང་རང་རང་གི་གཙོ་གནད་ཡོད་པ་རེད། བསྲེས་ལྕགས་རྒྱུ་ཆ་ལས་སྣོན་ཞིབ་ཚགས་དང་གཏིང་ཟབ་པའི་ཐོན་ལས་འབྲེལ་ཐག་བསྐྲུན་རྒྱུ་དང་།དམིགས་བསལ་ལྕགས་ལྕགས་བསྲེས་ལྕགས་དེ་རྩེར་སོན་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ལྗང་མདོག་ཕྱོགས་སྒྱུར་ལ་དམིགས་རྒྱུ།གློག་རྡུལ་ཆ་འཕྲིན་རྒྱུ་ཆ་“སྐེ་འགག་”རྒྱུ་ཆ་ལས་བརྒལ་རྒྱུ།མདུན་གྲལ་རྒྱུ་ཆ་གཤིས་ནུས་མཐོ་བའི་ཐཱན་ཚི་སྣ་ལག་རྩལ་འགག་སྒྲོལ་བྱེད་པ་སོགས་ཡིན། དེ་དང་ཆབས་ཅིག་ཀྲུང་བོད་སྨན་རྫས་དེང་རབས་ཅན་དང་།སྨན་བཅོས་ཡོ་བྱད་གསར་གཏོད།སྐྱེ་དངོས་ལག་རྩལ་ཉེར་སྤྱོད་སོགས་ཐོན་ལས་ཀྱིས་ཀྱང་རྣམ་གྲངས་དང་ལེན་ཧུར་ཐག་བྱས་ནས་ཐོན་ལས་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།