ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཏིང་ཟབ་ཀྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྫོང་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་འདུ་ཤེས། ཁྲིམས་སྐྱོང་ལས་ཀའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་ཆེད། ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཨུའི་ཁྲིམས་ལྟར་རྫོང་བཅོས་སྐྱོང་བྱེད་པའི་གཞུང་ལས་ཁང་དང་རྫོང་ཁྲིམས་འཛིན་ཅུས། རྫོང་ཏང་གི་སློབ་གྲྭ་བཅས་ཀྱིས་མཉམ་འབྲེལ་སྒོས་རྫོང་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཁྲིམས་ལྟར་རྫོང་ཡོངས་བཅོས་སྐྱོང་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་སོ་སོ་དང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་འགན་འཁུར་པ་གཙོ་བོ་དང་ཁག་བགོས་མགོ་ཁྲིད་རྣམས་གསོ་སྦྱོང་ལ་ཞུགས།
དང་པོ་ནི་ཆབ་སྲིད་ཀྱི་ལངས་གནས་གོང་མཐོར་བཏང་སྟེ། བསླབ་པར་གོ་བ་བརྙེས་པར་བྱས་པ། བསམ་པའི་གོ་རྟོགས་མཐོར་འདེགས་བཏང་སྟེ། ཁྲིམས་ལྟར་རྫོང་བཅོས་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་དེ་རྟོགས་དགོས་ཤིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་དོན་སྙིང་རྟོགས་པར་བྱས་ནས། ཁྲིམས་སྐྱོང་རྨ་ཆེན་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་བྱས་རྗེས་འཇོག་དགོས། གཉིས་པ་ནི་ཁྲིམས་སྐྱོང་བསམ་བློ་ཇེ་དྲག་ཏུ་བཏང་སྟེ། ཁྲིམས་ལྟར་སྲིད་འཛིན་ནུས་པ་མཐོར་འདེགས་བཏང་བ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་དེ་བྱ་བ་དངོས་ཀྱི་བརྒྱུད་རིམ་ཡོངས་སུ་འདྲེས་པར་བྱས་ནས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དེ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་དུ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། ཁྲིམས་ལྟར་ཇུས་ཆོད་འདོན་པ་དང་ཁྲིམས་ལྟར་ལག་བསྟར་བྱེད་པ། ཁྲིམས་ལྟར་ལྟ་སྐུལ་དོ་དམ་བཅས་བྱེད་དགོས། གསུམ་པ་ནི་སློབ་སྦྱོང་ནན་འཛིན་བྱས་ནས་བསླབ་པར་སྤྱོད་སྒོ་ཡོད་པར་བྱས་པ། རང་རྟོགས་སྒོས་བསླབ་པའི་ཤེས་བྱ་གསར་པ་དེ་དོན་དངོས་བྱ་བ་དང་བྱེ་བྲག་གི་ཁྲིམས་སྐྱོང་ལས་སྒོའི་བྱ་བ་དང་ཟུང་འབྲེལ་བྱས་ནས། བསླབ་པར་བསམ་གཞིག་ཐུབ་པ་དང་བསླབ་པར་གོ་རྟོགས་སད་པ། བསླབ་པར་འབྲས་བུ་ཡོད་པར་བྱེད་དགོས།
ཐེངས་འདིའི་གསོ་སྦྱོང་ནི་རྨ་ཆེན་རྫོང་གི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཞིགས་ཏེ། སློབ་ཁྲིད་བཀོད་སྒྲིག་བྱས་པ་ལུགས་དང་མཐུན་ཞིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་རྩ་ཁྲིམས། དམངས་དོན་ཁྲིམས་གཞུང་། སྲིད་འཛིན་བསྐྱར་གྲོས་དང་ཁྲིམས་ལྟར་སྲིད་འཛིན། རྩྭ་ཐང་བཅའ་ཁྲིམས་གཟབ་ནན་གྱིས་ལག་བསྟར་བྱེད་པ་དང་ས་ཞིང་སྐོར་གྱི་བཅའ་ཁྲིམས་སྒྲིག་ཁྲིམས་ཀྱང་འདུ་ཞིང་། མི་སྒེར་གྱི་ཁྲིམས་བསྟར་ནུས་པ་སོགས་ཀྱི་ཕྱོགས་ནས་འགྲེལ་བཤད་དང་མ་ལག་ལྡན་པའི་གསོ་སྦྱོང་བྱས་པར་མ་ཟད། རྨ་ཆེན་རྫོང་གི་སྲིད་འཛིན་བསྐྱར་གྲོས་དང་རྩྭ་ས་རྩོད་གླེང་། སྲིད་འཛིན་ཁྲིམས་བསྟར་སོགས་ཕྱོགས་ཀྱི་གྱོད་དཔེ་གཞིར་བཟུང་སྟེ་སློབ་ཁྲིད་བྱས་པ་དང་། གཞུང་ལུགས་སློབ་པ་དང་གྱོད་དོན་དབྱེ་ཞིབ། ཡུལ་དངོས་ནས་དྲི་བར་ལན་འདེབས་པ་སོགས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། རྫོང་ཡོངས་ཀྱི་ལས་བྱེད་པའི་ཁྲིམས་སྐྱོང་བསམ་བློ་དེ་དུས་རྒྱུན་བྱ་བའི་ཁྲོད་སིམ་པར་བྱས།
གསོ་སྦྱོང་མཇུག་རྫོགས་རྗེས། སློབ་མ་རྣམས་ཀྱིས་ཐེངས་འདིའི་གསོ་སྦྱོང་གིས་ཁྲིམས་ལྟར་རྫོང་བཅོས་སྐྱོང་བྱེད་པའི་བྱ་བའི་ནང་དོན་དང་བླང་བྱ། ཆོས་ཉིད་སོགས་ལ་རྒྱུས་ལོན་གཏིང་ཟབ་བྱུང་བར་མ་ཟད། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་བརྒྱུད་དེ་ལག་ལེན་ལ་མཛུབ་སྟོན་དང་རྩོད་གླེང་སེལ་བ། གནད་དོན་ཐག་གཅོད་པ། བྱ་བར་སྐུལ་འདེད་བྱེད་པའི་ནུས་པ་ཡང་མཐོར་འདེགས་བྱུང་བར་བཤད།