མགོ་ལོག་ཁུལ་དར་ལག་རྫོང་གིས་མང་ཚོགས་ཀྱི་སེམས་ཁུར་ལ་དམིགས་ནས་དམངས་ཕན་དོན་དངོས་བཟང་པོར་བསྒྲུབས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཟླ་འགོར། ཁ་བ་འབབ་པའི་ནམ་ཟླའི་ཤུགས་རྐྱེན་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྟག་ཐོག་ཡུལ་ཚོ་རུ་རིམ་པ་མི་འདྲ་བའི་སྒོ་ཕྱུགས་ཤི་བའི་དོན་དག་བྱུང་བ་དང་། ས་གནས་ཀྱི་གཟན་རྩྭའི་འདོན་སྤྲོད་ཐད་དཀའ་ངལ་མང་པོ་བྱུང་། སྟག་ཐོག་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མའི་དུས་ཚོད་ནང་ཁུལ་ཞིང་ཕྱུགས་ཅུའུ་དང་རྫོང་ཞིང་ཕྱུགས་ཅུའུ་ལ་འཕྲལ་བསྟུན་གཟན་རྩྭ་འདོན་སྤྲོད་ཀྱི་རེ་ཞུ་ཕུལ་བ་མ་ཟད། ཟླ6པའི་ཚེས4ཉིན་མི་སྣ་རྩ་འཛུགས་བྱས་ཏེ་ཁུལ་ཞིང་ཕྱུགས་ཅུའུ་ནས་གཟན་རྩྭ་དང་མ་རྨོས་ལོ་ཏོག་ཏུན་བཅུ་ལྷག་སྐྱེལ་འདྲེན་བྱས་པས། སྒོ་ཕྱུགས་ཀྱི་གཟན་རྩྭའི་གནད་དོན་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱས།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། དར་ལག་རྫོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས། མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ཏེ་རང་འགུལ་སྒོས་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་དཀའ་ཁག་སེལ། ཉེ་ལམ། མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། ཡུལ་ཚོ་དང་གྲོང་རྡལ་གྱི་སློབ་ཆུང་གི་སྤྱོད་ཡོན་གཉིས་ལེགས་ཀྱི་སློབ་མ་དང་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་སློབ་མར་སློབ་སྦྱོང་གི་ཡོ་བྱད་ཆ་ཚང་ལྔ་བཅུ་དང་། དགུན་བརྒལ་གྱི་ལྭ་བ་ཉིས་བརྒྱ་ལྷག་བྱིན། གཟན་རྩྭ་རེ་ཞུ་བྱས་ཏེ་ཁངས་སྐྱོན་སེལ་བ་དང་འབྲོག་ཁུལ་གྱི་དམངས་ཚིས་འགན་སྲུང་བྱེད་པ། དངོས་རྫས་རེ་ཞུ་བྱས་ནས་སློབ་མར་རོགས་སྐྱོར་བྱེད་པ་དང་སློབ་གསོ་སེམས་ཁུར་བྱས་ཏེ་དམངས་ལ་དོན་དངོས་སྒྲུབ་པ་སོགས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་དེ། དངོས་གནས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་ཁག་སེལ།

དར་ལག་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བན་དེ་ཡིས་བསྟན་དོན། དར་ལག་རྫོང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གཏིང་ཟབ་སྒོས་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བརྩིས་ཏེ། དངོས་གནས་མང་ཚོགས་ཀྱི་སེམས་འདུན་ལ་ཉན་པ་དང་། རང་འགུལ་སྒོས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་དོན་དངོས་སྒྲུབ་པའི་བྱ་སྤྱོད་དངོས་སུ་བསྒྱུར་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།