ཡུལ་སྐོར་རྒྱས་པའི་དུས་ཚིགས་སླེབས་པ་དང་བསྟུན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་གིས་བྱ་དགའ་རོགས་སྐྱོར་དང་། IPགསར་བསྐྲུན། དྲིལ་བསྒྲགས་འོས་སྦྱོར་སོགས་གཙོ་གནད་ལྷུ་ཚིགས་ལ་དོ་སྣང་ཆེན་པོ་བྱས་ཏེ། ཡུལ་སྐོར་པ་མང་པའི་དུས་ཚིགས་ལ་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱས་ཏེ།“དྭངས་གཙང་ཧའེ་ཡན། གསར་བརྗེའི་གནས་མཆོག”ཅེས་པའི་སྐད་གྲགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། ཕྱོགས་བརྒྱད་ཀྱི་ཡུལ་སྐོར་བར་དགའ་བསུ་བྱས། ཟླ5བའི་ཚེས1ཉིན་ནས་ཚེས26ཉིན་བར། བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི2.3ལྷག་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི660ལྷག་ཡོད།
《ཧའེ་ཡན་རྫོང་གི་རིག་གནས་ཡུལ་སྐོར་ལས་རིགས་བྱ་དགའ་དང་རོགས་སྐྱོར་བྱ་ཐབས》བཏོན་ནས། ཡུལ་སྐོར་ལས་དོན་ཁང་གིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་ཧའེ་ཡན་རྫོང་དུ་ཡུལ་སྐོར་དུ་ཡོང་བར་བསྔགས་སྐུལ་བྱས། ཡུལ་སྐོར་བ་ཧའེ་ཡན་རྫོང་དུ་ནང་འདྲེན་བྱེད་པའི་བྱ་དགའ་མཐོ་ཤོས་སྒོར་ཁྲི5ཟིན་པ་དང་། བྱ་དགའ་སྟེར་བའི་ཁྱབ་ཁོངས་ནང་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ཁང་། སྐར་རིམ་ཅན་གྱི་གསོལ་མགྲོན་ཁང་། གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས། སྡོད་ཁང་སོགས་ཡུལ་སྐོར་ཚོགས་པ་དང་ཡུལ་སྐོར་དང་འབྲེལ་ཡོད་ཁེ་ལས་ཀྱི་ལས་ཞུགས་མི་སྣ་སོགས་འདུས་པས། ཡུལ་སྐོར་ལས་རིགས་ཀྱིས་ཧའེ་ཡན་རྫོང་དུ་ཡུལ་སྐོར་བ་ནང་འདྲེན་བྱེད་པའི་ཧུར་བརྩོན་རང་བཞིན་ཆེས་ཆེར་ཕྱིན་ཡོད།
ཧའེ་ཡན་རྫོང་གིས་བྱ་ཐབས་མང་པོ་སྤྱད་ནས་རིག་གནས་ཡུལ་སྐོར་ལས་རིགས་གཞན་དག་དང་ཟུང་འབྲེལ་བྱེད་པའི་རྣམ་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཞིང་ལས་དང་ལུས་རྩལ། གཟུགས་འདས་རིག་གནས་ཤུལ་བཞག ཆུ་ཚན། ཁམས་གསོ་སོགས་དགེ་མཚན་ལྡན་པའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་ལྡན་པའི་རྣམ་གྲངས་བསྐྲུན། མཚོ་སྔོན་པོའི་ཞལ་སྒོ་འབྱེད་པ་དང་མཚོ་སྐོར་འགྲན་བསྡུར་སོགས་ཀྱི་བྱེད་སྒོ10ལྷག་འཆར་འགོད་བྱས་ཏེ། ཡུལ་སྐོར་བའི་འཛད་སྤྱོད་དགོས་མཁོ་བསྐངས་ནས། ཡུལ་སྐོར་བའི་ཉམས་སྣང་དང་ཡིད་སྣང་ཆེ་རུ་གཏོང་དགོས།
དྲིལ་བསྒྲགས་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚོང་འགུགས་འོས་སྦྱོར་ཚོགས་པ་སྒྲིག་འཛུགས་བྱས་ནས། ཀོང་ཀྲོའུ་དང་ཁུན་མིང་དུ་བསྐྱོད་དེ་རིག་གནས་ཡུལ་སྐོར་གྱི་ཚོང་འགུགས་ནང་འདྲེན་དང་ཡུལ་སྐོར་ཐོན་རྫས་ཆེད་དོན་འོས་སྦྱོར་བྱེད་སྒོ་སྤེལ་ནས། ཧའེ་ཡན་རིག་གནས་ཡུལ་སྐོར་གྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་བརྗོད། བྱེད་སྒོའི་ཡུལ་དངོས་སུ་ཧའེ་ཡན་རྫོང་གི་ཡུལ་སྐོར་ལམ་ཡིག་སྟེར་བ་སོགས་ཀྱི་རྣམ་པ་བརྒྱུད་ནས། དྭངས་གཙང་ཧའེ་ཡན། སྤྲོ་སྣང་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་ཕྱིན། ཚོང་འགུག་འོས་སྦྱོར་སྐབས་སུ་རིག་གནས་ཡུལ་སྐོར་རྣམ་གྲངས་ཀྱི་འདོད་བློ་མཉམ་ལས་གྲོས་མཐུན་སྒོར་དུང་ཕྱུར9.6བཞག་པ་དང་། ཡུལ་སྐོར་ལས་དོན་ཁང157ལ་འགྲུལ་པ་སྐྱེལ་འདྲེན་དང་ཐོན་རྫས་མཉམ་འཚོང་མཉམ་ལས་ལམ་སྲོལ་བཙུགས། །