ཟླ5བའི་ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུས་ནས་ཤེས་གསལ་ལྟར་ན། མཚོ་བྱང་ཁུལ་གྱིས་སློབ་སྔོན་སློབ་གསོ་དེ་དམངས་འཚོའི་ལས་གཞི་གལ་ཆེན་དུ་བརྩིས་ནས། ཁུལ་ཡོངས་ཀྱི་སློབ་སྔོན་སློབ་གསོ་དེ་བྱིས་པ་གསོ་སྐྱོང་ནས་བྱིས་པ་ལེགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས། ད་ལོར་མཚོ་བྱང་ཁུལ་གྱིས་སློབ་སྔོན་སློབ་གསོ་འཕེལ་རྒྱས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི3435བརྩོན་ལེན་བྱས་པ་དང་། སློབ་སྔོན་སློབ་གསོའི་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི999.4བཏང་སྟེ། བྱིས་པ9346ལ་ཕན་ཁེ་བསྐྲུན།
མཚོ་བྱང་ཁུལ་གྱིས་སྲིད་གཞུང་གི་རོགས་སྐྱོར་གཙོ་བོར་བཟུང་བ་དང་། བྱིས་སྐྱོང་ཁང་དང་སྤྱི་ཚོགས་སྟོབས་ཤུགས་ཧུར་ཐག་གིས་ཞུགས་པའི་སྲིད་ཇུས་མ་ལག་ལག་བསྟར་མཐའ་འཁྱོངས་བྱས་ཏེ། ཁུལ་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་སློབ་གསོའི་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་བཀོད་པའི་གཞུང་བཙུགས་བུ་བཅོལ་ཁང་དང་། སྤྱི་ཕན་རང་བཞིན་གྱི་དམངས་གཉེར་བུ་བཅོལ་ཁང་གི་བྱིས་པར་ལོ་གསུམ་གྱི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་ནས། ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར1200ཁ་གསབ་བྱ་རྒྱུ་རེད། 《མཚོ་སྔོན་ཞིང་ཆེན་གྱི་སློབ་མའི་རོགས་སྐྱོར་མ་དངུལ་དོ་དམ་བྱེད་ཐབས》དང་སྤོ་སྒྱུར་གཏོང་སྤྲོད་ཀྱི་སྔོན་རྩིས་དོ་དམ་གཏན་འབེབས་གཞིར་བཟུང་ནས། སློབ་སྔོན་སློབ་གསོའི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་ཁྲི999.4སྔོན་ལ་གཤམ་སྤྲོད་བྱས།
དེ་དང་ཆབས་ཅིག ས་ཁུལ་རིགས་དང་སློབ་གྲྭར་སྡོད་པའི་སློབ་མའི་མི་གྲངས། སྔོན་རྩིས་ལག་བསྟར་བྱ་ཚད། རྣམ་གྲངས་དོ་དམ་གནས་ཚུལ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་སློབ་སྔོན་སློབ་གསོའི་འཕེལ་རྒྱས་མ་དངུལ་བགོ་བཤའ་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ། སློབ་སྔོན་སློབ་གསོའི་ཁྱབ་གདལ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྔར་བས་སྐུལ་འདེད་བཏང་ནས། སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས། སློབ་སྔོན་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི3435གཙོ་བོ་གཞི་རྩའི་སློབ་གླིང་གཉེར་སྐྱོང་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ། སྤྱི་ཕན་རང་བཞིན་གྱི་ཐོན་ཁུངས་མཁོ་སྤྲོད་རྒྱ་ཆེར་གཏོང་བ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ། སློབ་གསོ་སྲུང་སྐྱོང་སྤུས་ཚད་མཐོ་རུ་གཏོང་བ། རྫོང་ཁོངས་ཀྱི་སློབ་སྔོན་སློབ་གསོའི་ཁྱབ་སྤེལ་དང་སྤྱི་ཕན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་སྤྱོད་རྒྱུ་རེད། །