མཚོ་སྔོན་གྱིས་ཁྲིམས་ལྟར་ཐོ་འགོད་བྱེད་པའི་ལས་སྒོ་སྔར་ལས་ཚད་ལྡན་དུ་བཏང་།​

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5བའི་ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་རྩ་དོན་ལ་བརྩི་སྲུང་བྱས་ཏེ། 《མ་རྐང་ཚད་ཡོད་ཀུང་སིའི་ཐོ་འགོད་ལས་སྒོ་སྔར་ལས་ཚད་ལྡན་དུ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་བསྐྲུན་འགྲེམས་སྤེལ་བྱས་ནས། མ་རྐང་ཀུང་སིའི་ཐོ་འགོད་ལས་སྒོ་ཕྱོགས་མང་པོའི་ཆ་ནས་ཚད་ལྡན་དུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་མ་རྐང་ཀུང་སིའི་ཐོ་འགོད་ཚད་ལྡན་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་མ་རྐང་ཀུང་སི་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་ཞབས་ཞུའི་འགན་ལེན་ནུས་ལྡན་མཁོ་འདོན་བྱས།

ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་སིའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྲོད་ཀྱི་མ་རྐང་ཀུང་སིའི་སྐོར་གྱི་གཏན་འབེབས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། མ་རྐང་ཀུང་སིའི་ངོ་བོ་དང་ཁྱད་ཆོས་ཁ་གསལ་བཟོས་ནས། ལས་བྱེད་མི་སྣའི་ངོས་འཛིན་གྱི་ནོར་འཁྲུལ་མེད་པར་བཟོས་ཏེ། མ་རྐང་ཀུང་སིའི་ཐོ་འགོད་ལས་སྒོ་ཚད་ལྡན་ངང་སྒྲུབ་པར་རྨང་གཞི་བརྟན་པོ་བཏིང་། ཞིང་ཆེན་ནང་ཁུལ་གྱི་མ་རྐང་ཀུང་སིའི་ཐོ་འགོད་བདག་སྐྱོང་དབང་ཆ་ཡོད་པའི་ཐོ་འགོད་ལས་ཁུངས་སོ་སོར་མ་རྐང་ཀུང་སིའི་གྲོས་གཞི་འདོན་མཁན་གྱི་ཁྱབ་ཁོངས་གཏན་འཁེལ་ཡང་དག་བྱས་ཏེ། གྲོས་གཞི་འདོན་མཁན་གྱི་འབྲེལ་ཡོད་དོན་ཚན་སྒྱུར་བ་དང་མ་རྐང་ཀུང་སིའི་རྐང་དབང་གཏའ་འཇོག་ཐོ་འགོད་སོགས་ཀྱི་ལས་སྒོ་ཚད་ལྡན་ངང་སྤེལ་དགོས་པའི་བླང་བྱ་བཏོན་ཡོད་ལ། ཐོ་འགོད་མ་རྩའི་རྩིས་སྤྲོད་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་གཏོང་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། རེ་ཞུའི་རྒྱུ་ཆ་བསྡུ་ལེན་བྱེད་པའི་ལས་དོན་ཚད་ལྡན་དུ་གཏོང་དགོས་པར་མ་ཟད། མི་དམངས་ཁྲིམས་ཁང་ལ་གཞོགས་འདེགས་དམ་ཟབ་བྱས་ཏེ། མ་རྐང་ཀུང་སིའི་རྐང་དབང་བཀག་སྡོམ་བྱེད་པའི་འབྲེལ་ཡོད་དོན་དག་ལེགས་པར་བསྒྲུབ་དགོས། དེ་དང་ཆབས་ཅིག འབྲེལ་ཡོད་ཐོ་འགོད་ལས་ཁུངས་ཀྱིས་རྒྱུན་མཐུད་ངང་མ་རྐང་ཀུང་ཟིའི་ཐོ་འགོད་ཡིག་ཚགས་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་ཞིབ་བསྡུར་ཞིབ་ཕྲ་བཟོས་ཏེ། གྲོས་གཞི་འདོན་མཁན་གྱི་ཆ་འཕྲིན་ཐག་གཅོད་འོས་འཚམ་བྱས་ནས། མ་རྐང་ཀུང་སིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་སིའི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་མ་རྐང་འཇོག་མཁན་གྱི་མིང་ཐོའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུར་རང་འགུལ་ངང་མཛུབ་སྟོན་བྱས་ནས། མ་རྐང་ཀུང་སིས་ནང་ཁུལ་གྱི་དོ་དམ་ཚད་ལྡན་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་ལ་ཤུགས་སྣོན་པར་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཐོ་འགོད་ལས་སྒོའི་མཛུབ་སྟོན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། མ་རྐང་ཀུང་ཟིའི་ཐོ་འགོད་ལས་དོན་རྒྱུན་མཐུད་ངང་ཚད་ལྡན་དུ་གཏོང་བ། ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་མ་རྐང་ཀུང་སིའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་སྒོ་སྤེལ་བ། མ་རྐང་ཀུང་སིས་ནང་ཁུལ་གྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུར་རོགས་རམ་བཅས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་མ་རྐང་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད། །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།