མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5པའི་ཚེས30ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས་འབྲེལ་ཡོད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་གྲོས་མོལ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་ཞུགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧི་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་སྒྲིག་བཟོའི་ལས་དོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞི་བདེའི་དུས་རབས་ཀྱི་ལེའུ་གསར་པ་སྟེ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་ཀྲུང་གོ་དང་ཨུ་རུ་སུའི་མི་གཞུང་རིག་གནས་བརྗེ་རེས་བྱེད་སྒོ”དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་སོ་བཞི་པ། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུལ་སེལ་དང་རྒྱུན་མཐུད་འཕེལ་རྒྱས་གླེང་སྟེགས། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་བཤམས་ཚོགས་སྐབས་ཉི་ཤུ་པ། ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་བཅས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།  ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་དང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་དང་ས་ཁུལ་བར་གྱི་བརྗེ་རེས་མཉམ་ལས་ཟབ་སྤེལ་བཏང་ནས། རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་གང་ལེགས་ཞུ་དགོས། ཕྱོགས་སོ་སོའི་ནུས་པ་འདོན་སྤེལ་དང་། རྟོག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ཀྱི་འདོད་བློར་ཉན་རྒྱུར་མཐོང་ཆེན་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་ལེགས་པར་བཟོ་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་། དམངས་འཚོ་ལེགས་བཅོས་སོགས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་སྒོས་སྐུལ་འདེད་གང་ལེགས་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕན་འབྲས་ཆེ་བའི་བཅོས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ན་ཆུང་བྱིས་པའི་ལས་དོན་ཡག་པོར་སྒྲུབ་སྟེ། རྒྱ་ཆེའི་ན་ཆུང་གདོང་ལེན་རུ་མི་རྣམས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་ཆེ་བ་དང་། འབད་འབུངས་སྒོས་སློབ་སྦྱོང་བྱེད་པའི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་དགོས་པའི་སྐོར་ནས་སློབ་གསོ་དང་སྣེ་སྟོན་བྱེད་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་རོགས་རམ་ཉིན་མོ་ཐེངས་སོ་ལྔ་པ་སླེབས་ལ་ཉེ་བའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་དང་། རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་སྟོན་དང་དབང་པོ་སྐྱོན་ཅན་རོགས་རམ་སྔོན་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་བདུན་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་རོགས་རམ་དང་ཁོ་ཚོའི་ཁེ་དབང་འགན་སྲུང་ལ་ཤུགས་སྣོན་པ། སྤྱི་ཚོགས་ཅན་གྱི་དབང་པོ་སྐྱོན་ཅན་རོགས་རམ་ལས་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་རྒྱུས་ལོན་དང་བརྩི་འཇོག སེམས་ཁུར། རོགས་རམ་བཅས་བྱེད་པའི་ཁོར་ཡུག་བཟང་པོ་འབད་པས་བསྐྲུན་དགོས།

ཚོགས་ཐོག་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཡིག་ཆ་དང་གཏམ་བཤད། མཆན་བཀོད་མཛུབ་སྟོན་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།  ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། སློབ་སྦྱོང་དང་གྲོས་བསྡུར་སྔར་ལས་ནན་མོ་བྱེད་པ་དང་། གནད་དོན་ཞིབ་བཤེར་དང་ཐག་གཅོད་སྔར་ལས་ནན་མོ་བྱེད་པ། གཅིག་བསྡུས་བཅོས་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། འགོ་ཁྲིད་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོ་ཟབ་སྤེལ་གཏོང་བ་དང་། ལག་བསྟར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ལྷུར་ལེན་བྱས་ནས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》ཅེས་པ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། 《སྲོལ་ཡིག》སློབ་སྦྱོང་སློབ་གསོའི་ནང་དོན་གཙོ་བོ་རུ་བརྩིས་ཏེ། སློབ་སྦྱོང་ལག་བསྟར་ནན་མོ་བྱས་ནས། གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཚད་ཡོད་པའི་ནོར་སྲིད་ཐོན་ཁུངས་བཅོས་སྒྱུར་དམ་འཛིན་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་སྲུང་སྐྱོབ་བྱེད་པ། དོན་དངོས་སྒྲུབ་པ་བཅས་ཀྱི་ཐད་སྤྱོད་དགོས།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ཆེར་གཏོང་བའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་སྟོབས་ལ་དམ་པོར་དམིགས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། ལྗང་མདོག་ཐཱན་ཉུང་གི་དེང་རབས་ཐོན་ལས་མ་ལག་འཛུགས་པ་བཅས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། མཉམ་འདྲེས་གཏིང་ཟབ་དང་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོར་ཞབས་འདེགས་ཞུ་བའི་ཁྲོད་མཚོ་སྔོན་གྱི་འགན་འཁྲི་མངོན་པར་འབད་བརྩོན་བྱེད་དགོས།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་བཀོད་སྒྲིག་བྱས་པར་མ་ཟད། ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།