མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས30ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་བཙུགས་ཏེ“མཐིལ་རྟོགས”ཀྱི་བརྟག་ཞིབ་བྱེད་སྟངས་སྤྱད་དེ། ཞིང་ཆེན་གྱི་ཚན་རྩལ་ཁེ་ལས་སུ་ཆེད་དོན་བརྟག་ཞིབ་བྱས་ནས་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱས་ཚུལ་རྒྱུས་ལོན་དང་ཁོང་དུ་ཆུད་ནས་ཐབས་ཇུས་དང་གྲོས་གཞི་བཏོན་ཡོད།
བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པའི་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་དང་མཚོ་སྔོན་ཀྲུང་ཧྲུའེ་ཧྲུའུ་དབྱི་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིར་སོང་ནས། ཚན་རྩལ་གསར་གཏོད་ལས་དོན་གྱི་སྤྱི་ཡོངས་གནས་ཚུལ་སྐོར་གྱི་ཁེ་ལས་ཀྱི་ངོ་སྤྲོད་ཉན་ནས་ཚོད་ལྟ་ཁང་གཙོ་བོ་ཁག་ཅིག་གི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་། འབྲིང་ཚོད་ལྟའི་བརྒྱུད་རིམ་གྱི་ལག་རྩལ་ར་སྤྲོད་བྱེད་པ། ཐོན་སྐྱེད་བརྒྱུད་རིམ་གྱི་གྲུབ་འབྲས་གཞན་བསྒྱུར་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ཡུལ་དངོས་སུ་བརྟག་ཞིབ་བྱས།
བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གིས་ཆབ་སྲིད་ཀྱི་གནས་བབ་སྔར་བས་ཇེ་མཐོར་བཏང་ནས་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་ཀྱི་གོ་གནས་ལ་ཤུགས་སྣོན་བྱ་རྒྱུ་དེ་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ལྟ་སྐུལ་ལས་དོན་གྱི་འགོ་ཚུགས་ས་དང་ཤུགས་རྒྱག་ས་ཡང་དག་པར་བཙལ་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱི་ཐབས་ཇུས་བཀོད་སྒྲིག་ཁག་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་ཐུབ་པར་འགན་སྲུང་བྱེད་དགོས་ཞེས་ནན་བཤད། སྔར་ལས་ལྷག་པའི་སྒོ་ནས་གནད་འགག་གི་གོ་རིམལ་དམིགས་ནས། ཁེ་ལས་ཚན་རྩལ་གསར་གཏོད་ཀྱི་ཐབས་ཇུས་ནང་གཏིང་ཟབ་ཞུགས་རྒྱུ་དང་། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། ཁེ་ལས་ཀྱི་ཚན་རིག་ཞིབ་འཇུག་རྩ་འཛུགས་ལ་ཤུགས་སྣོན་བྱ་རྒྱུ། ཁེ་ལས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་ཇེ་མགྱོགས་སུ་གཏང་རྒྱུ་སོགས་གོ་རིམ་གཙོ་བོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་མུ་མཐུད་དུ་གཏིང་ཟབ་བྱས་ཏེ། གནད་ལ་འཁེལ་ཞིང་ནུས་ལྡན་གྱི་ལྟ་སྐུལ་ལ་བརྟེན་ནས་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འགག་གནད་དང་དཀའ་གནད་ནུས་ལྡན་ངང་སེལ་བར་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ། ཚན་རྩལ་དང་། ཐོན་ལས། ནོར་སྲིད། ཁྲལ་བསྡུ། ཤེས་ལྡན་རིགས། དངུལ་རྩ་སོགས་ཀྱི་སྲིད་ཇུས་འབྲེལ་མཐུད་དམ་ཟབ་དང་ནུས་ཆེའི་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། མ་ལག་འདུས་གྲུབ་ཀྱི་མཉམ་སྡེབ་ལ་བརྟེན་ནས་ཁེ་ལས་གསར་གཏོད་ནུས་པའི་སྐྱེ་ཁམས་བཟང་པོ་གཏོད་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་གསར་གཏོད་ལ་སེམས་ཁུར་དང་། གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། གསར་གཏོད་ནང་ཞུགས་པ་བཅས་ཀྱི་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཏེ། ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་དང་ཐོན་ལས་“གནས་བཞི”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད་དམངས་འཐུས་ཚོགས་ཆེན་གྱི་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།