མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས30ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར།ཉེ་བའི་ལོ་ཤས་རིང་རང་ཞིང་གིས་བདེ་ཐང་བྱང་ཚད་ལ་སྐུལ་འདེད་གཏོང་བ་དང་།བདེ་ཐང་རྫོང་ཁུལ་འཛུགས་སྐྲུན།བདེ་ཐང་ཚན་རིག་ཁྱབ་གདལ་སློབ་གསོ་སོགས་བརྒྱུད་བདེ་ཐང་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ་དང་བདེ་ཐང་འདུ་ཤེས་རྒྱུན་ཆད་མེད་པར་མི་སེམས་སུ་གཏིང་ཟབ་ཏུ་སོང་བ་རེད།
རང་ཞིང་གིས་བདེ་ཐང་རྫོང་ཆུས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ།ཞི་ཉིང་གྲོང་ཁྱེར་ཁྲེང་བྱང་ཆུས་དང་།ཧོང་ཀྲུང་ཁུལ།མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་སོགས་བདེ་ཐང་རྫོང་ཆུས་24བསྐྲུན་པ་དེས་ཞིང་ཆེན་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་།ཁུལ།སྲིད་འཛིན་ཨུ་ལྷན་)བསྡོམས་འབོར་གྱི་53%བཟུང་ཡོད། དེའི་ནང་ཟི་ལིང་གྲོང་ཁྱེར་ཁྲེང་པེ་ཆུས་དང་། ཙོང་ཁ་ཆུས། མཚོ་ནུས་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་བཅས་ཀྱི་ཉམས་མྱོང་བྱེད་སྟངས་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཕུལ་བྱུང་དཔེ་མཚོན་དུ་བསྡུས་ནས་རྒྱལ་ཡོངས་སུ་དྲིལ་བསྒྲགས་ཁྱབ་གདལ་བཏང་ཡོད། བདེ་ཐང་ཚན་རིག་ཁྱབ་གདལ་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་“བདེ་ཐང་སློབ་གསོའི་ལེ་དབར་ཁྲི་འགྲུལ”བྱེད་སྒོའི་སྤུས་རྟགས་བསྐྲུན་ཏེ་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཁུལ45ལ་ཁྱབ་ཅིང་།རིམ་རྩིས་བྱས་ན་སྤྱི་ལེ་ཁྲི་7ལྷག་ཙམ་བསྐྱོད་ཡོད་པ་རེད། བདེ་ཐང་སློབ་གསོའི་རྣམ་པ་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་དང་མཚོ་སྔོན་མེ་ཏོག་སོགས་དམངས་ཁྲོད་རིག་རྩལ་གཉིས་ཐབས་མཁས་ངང་མཉམ་འདྲེས་བྱས་ཏེ་མེ་ཏོག་གིས་བདེ་ཐང་གླུ་ལེན་བྱེད་དགོས། སྲོལ་རྒྱུན་གྱི་ལྷ་ཁང་གི་འདུ་ཚོགས་དང་ཁྲོམ་ར་སོགས་ཀྱི་གནས་ཡུལ་དང་ཟུང་འབྲེལ་བྱས་ནས་བདེ་ཐང་དྲིལ་བསྒྲགས་བྱ་ཡུལ་བཙུགས་ནས་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། 2024ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་གྲོང་མིའི་བདེ་ཐང་བྱང་ཚད་2021ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་5.7མཐོ་རུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་བདེ་ཐང་བྱང་ཚད་ཀྱི་ཧེ་བག་བརྒྱ་ཆའི་གྲངས་10.31ཡོད་པ་དེ་2021ལོ་དང་སྡུར་ན་བརྒྱ་ཆའི་གྲངས་0.94ཆག་ཡོད། གྲོང་གསེབ་གྲོང་མིའི་བདེ་ཐང་བྱང་ཚད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་གྲོང་ཁྱེར་གྱི་གྲོང་མིའི་བདེ་ཐང་བྱང་ཚད་ཆུ་ཚད་དང་ཧེ་བག་རྒྱུན་ཆད་མེད་པར་ཇེ་ཆུང་དུ་ཕྱིན་ཡོད།
རང་ཞིང་གིས་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་ལ་དམིགས་ནས་མུ་མཐུད་མང་ཚོགས་ཀྱི་དགོས་མཁོ་ཁྲིད་སྟོན་དུ་བྱས་ཏེ།ས་ཁོངས་ཡོངས་དང་།མི་ཚོགས་ཁོངས།ཚེ་སྲོག་གི་འཁོར་ཡུན་ཡོངས་བཅས་ཀྱི་བདེ་ཐང་སློབ་གསོའི་མ་ལག་བཙུགས་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་རོགས་རམ་བྱ་རྒྱུ་ཡིན་པ་རེད། གྲོང་གསེབ་ཀྱི་འཚོ་བ་སྐྱེལ་སྟངས་ལེགས་སུ་གཏོང་བ་དང་།གྲོང་ཚོ(སྡོད་པ)མི་དམངས་ཨུ་ཡོན་ལྷན་ཁང་དང་དེའི་སྤྱི་པའི་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་བྱས་ཏེ།འཕྲོད་བསྟེན་བདེ་ཐང་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་དགོས། གྲོང་གསེབ་ཀྱི་བདེ་ཐང་སྤྱི་ཆིངས་དང་བདེ་ཐང་བསྲུང་བྱ་སོགས་བྱ་སྤྱོད་ཚད་གཞི་བཟོ་བ་དང་།དཔལ་ཡོན་དང་བདེ་ཐང་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་སོགས་འདུ་ཤེས་དང་བླང་བྱ་གྲོང་ཚོའི་སྒྲིག་སྲོལ་དམངས་ཆིངས་ནང་བཅུག་ནས་བདེ་ཐང་བྱ་སྤྱོད་ཐུན་མོང་ལག་ལེན་བྱེད་པར་སྐུལ་འདེད་གཏོང་དགོས། བདེ་ཐང་གི་ལུས་པོའི་ལྗིད་ཚད་དོ་དམ་གྱི་བྱ་སྤྱོད་སྤེལ་ནས་ཁྱིམ་ཚང་གི་ཁོངས་མི་ཐུན་མོང་ཐོག་ལུས་པོའི་ལྗིད་ཚད་དོ་དམ་ནང་ཞུགས་རྒྱུ་དར་སྤེལ་བྱས་ཏེ་ཟས་རིགས་དང་ལུས་རྩལ་གྱི་གོམས་གཤིས་བཟང་པོ་ཆགས་སུ་འཇུག་དགོས། ཀྲུང་ལུགས་གསོ་རིག་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་ནས་ཀྲུང་ལུགས་གསོ་རིག་གི་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ལུགས་གསོ་རིག་གི་ཡང་དག་པའི་བདེ་སྲུང་འདུ་ཤེས་ཁྱབ་སྤེལ་དང་ཀྲུང་ལུགས་གསོ་རིག་གི་བདེ་སྲུང་རྩལ་ནུས་བརྒྱུད་ཁྲིད་བྱེད་དགོས། གཞི་རིམ་བདེ་ཐང་སློབ་གསོའི་དྲ་རྒྱ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཐང་སློབ་གསོ་དང་བདེ་ཐང་ཚན་རིག་ཁྱབ་སྤེལ་སྤྲིན་སྟེགས་བརྒྱུད་བདེ་ཐང་སྐུལ་འདེད་རྫོང་(ཁུལ)དང་བདེ་ཐང་རིག་གནས་ཀྱི་གཡས་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་མི་སྣའི་བདེ་ཐང་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་།བདེ་ཐང་སློབ་གསོའི་ཆེད་ལས་ནུས་པ་ཆེ་རུ་གཏོང་བ།བདེ་ཐང་ཚན་རིག་ཁྱབ་སྤེལ་ཤེས་བྱ་ཁྱབ་སྤེལ་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་དགོས།