[ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས]མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་བར་བརླགས་འདིར་བརྡ་ཁྱབ་སྤེལ་བའི་བྱ་སྤྱོད་ཚད་ལྡན་དུ་གཏང་དགོས་པ་མཚོ་སྔོན་ནས་དྲན་སྐུལ་བཏང་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 2025ལོའི་མཐོ་རྒྱུགས་དང་འབྲིང་རྒྱུགས་བསླེབ་ལ་ཉེ་བའི་དུས་འདིར།  བརྡ་ཁྱབ་ཁྲོམ་རའི་སྒྲིག་ལམ་བཟང་བོ་སྲུང་སྐྱོང་དང་། རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བཟང་པོ་བྱ་ཆེད། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་བརྡ་ཁྱབ་སྤེལ་མཁན་སོ་སོ་ལ་མཐོ་རྒྱུགས་དང་འབྲིང་རྒྱུགས་སྐབས་སུ་བརྡ་ཁྱབ་ཀྱི་བྱ་སྤྱོད་ཚད་ལྡན་གཏོང་དགོས་པའི་དམིགས་སུ་དྲན་སྐུལ་ཡི་གེ་འདི་ཁྱབ་སྒྲོག་བྱས།

   དྲན་སྐུལ་ཡི་གེ་ནང་།   ཁྲིམས་འགལ་སྒྲིག་འགལ་གྱི་བརྡ་ཁྱབ་སྤེལ་མི་ཆོག་པ་དང་།  ནང་སྒོས་སུ“རྒྱུགས་འཕྲོད་པར་ཁག་ཐེག་ཐུབ་པ”“སྐར་གྲངས་ཡར་འཐེན་པར་ཁག་ཐེག་ཡོད་པ”“རྒྱུགས་བྱང་ལས100%ཕོག་ཐུབ་པ”“རྒྱུགས་བྱང་ནི་ཆེད་མཁས་པས་སློབ་ཁྲིད་བྱེད་པ་ཡིན”ལ་སོགས་མངོན་ལྐོག་གང་རུང་གི་ཁག་ཐེག་རང་བཞིན་གྱི་ཁས་ལེན་ཡོད་པའི་བརྡ་ཁྱབ་རིགས་སྤེལ་མི་རུང་།   དེ་བཞིན་དུ་རྒྱུགས་རྐུ་བྱེད་ཀྱི་ཡོ་ཆས་འཚོང་བ་དང་། “རྒྱུགས་ཚབ”དང“རྒྱུགས་རོགས”འདོན་པ་སོགས་བྱ་སྤྱོད་སྤེལ་མི་རུང་།     “ནང་ཁུལ་ནས་དམིགས་ཚད”དང་“ནང་ཁུལ་ནས་མི་གྲངས”གཏན་འཁེལ། “ཁ་ཕྱོགས་གཏན་འཁེལ་གྱིས་སློབ་མ་བསྡུ་ལེན”“རྒྱུགས་འཕྲོད་པར་ཁག་ཐེག་བྱེད་པ”“སྐར་གྲངས་མར་བཅག་ནས་བསྡུ་ལེན་བྱེད་པ”ལ་སོགས་ཀྱི་མིང་ཐོག་ནས་སློབ་མ་བསྡུ་ལེན་གྱི་དྲིལ་སྒྲོག་རྫུན་མ་རིགས་སྤེལ་མི་ཆོག    “ནང་ཁུལ་གྱི་གཞི་གྲངས”“རྒྱུགས་སྐར་ལོན་པར་ཁེག་ཐེག་བྱེད་པ། ”ལ་སོགས་ཀྱི་ཁས་ལེན་རྫུན་མ་བྱེད་པའི་འདོད་མོས་རེའུ་མིག་སྐོར་བའི་བརྡ་ཁྱབ་རིགས་སྤེལ་བར་གཏན་འགོག་བྱ་དགོས།   བཟའ་ཆས་དང་། བདེ་སྲུང་ཐོན་རྫས་ཀྱི་བརྡ་ཁྱབ་ཀྱིས“རིག་པ་གྲུང་བོ་འགྲོ་ཐུབ་པ”“དྲན་པ་རྒྱས་ཐུབ་པ”ལ་སོགས་ཚན་རིག་གིས་དཔྱད་ཞིབ་མ་བྱས་པའི་ཕན་ནུས་ཡོད་པ་རིགས་སྒྲོག་མི་རུང་བ་མ་ཟད།  ཉིན་རྒྱུན་གྱི་བཟའ་བཏུང་གི་ཚབ་བྱེད་ཐུབ་པ་སོགས་གཏན་འགོག་བྱ་དགོས་པའི་བླང་བྱ་བཏོན།

 སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་ཀྱི་བརྡ་ཁྱབ་དེ“གཉིས་འཕྲི”སྲིད་ཇུས་ཀྱི་བླང་བྱ་དང་མཐུན་དགོས་པ་ལས་བསླབ་ཚན་རིགས་ཀྱི་ཟབ་སྦྱོང་སྐོར་སྒྲིག་འགལ་ཐོག་དྲིལ་སྒྲོག་བྱ་མི་རུང་།   བརྡ་ཁྱབ་ཀྱི་ནང་དུ་ཚན་ཞིབ་ལས་ཁུངས་དང་། སློབ་གསོ་སྡེ་ཁག   ལས་རིགས་མཐུན་ཚོགས། ཆེད་ལས་མི་སྣ།  རྒྱུགས་ལེན་སློབ་མ།  ཁྱིམ་བདག་བཅས་ཀྱི་མིང་ཐོག་གམ་གཟུགས་བརྙན་བེད་སྤྱད་དེ་འོས་སྦྱོར་དང་བདེན་དཔང་བྱ་མི་རུང་།    སློབ་གསོའི་འགྲན་རྩོད་ཀྱི་གནོན་ཤུགས་ཧ་ཅང་ཆེ་བ་དང་།  ཟབ་སྦྱོང་གི་དགོས་ངེས་རང་བཞིན་ཧ་ཅང་གལ་ཆེ་ཚུལ་ལ་སོགས་ཀྱི་དྲིལ་སྒྲོག་རིགས་སྤེལ་ནས་ཁྱིམ་བདག་དང་སློབ་མར་སེམས་ཁུར་ཚད་མེད་བསྐྱེད་པའི་བརྡ་ཁྱབ་རིགས་སྤེལ་མི་ཆོག      ཟབ་སྦྱོང་གི་ཕན་ནུས་རྫུན་བཟོ་དང་ཡང་ན་ཆེ་བརྗོད་བྱེད་པ་སོགས་དཔེར་ན“སྐར་གྲངས་མྱུར་དུ་འཕར་ཐུབ་པ”“དུས་ཐུང་ནང་ཡར་རྒྱས་ཆེན་པོ་འབྱུང་བ”ལ་སོགས་ལོག་འཁྲིད་རང་བཞིན་གྱི་ནང་དོན་རིགས་སྤེལ་མི་རུང་། 

 དྲ་རྒྱའི་སྟེགས་བུས་བརྡ་ཁྱབ་ཀྱི་ཞིབ་དཔྱད་འོས་འགན་གཟབ་ནན་གྱིས་བསྒྲུབ་ཏེ།  ཁྲིམས་འགལ་སྒྲིག་འགལ་གྱི་བརྡ་ཁྱབ་སྤེལ་བར་གཏན་འགོག་བྱ་དགོས།    བརྡ་ཁྱབ་ལྡིང་འཆར་མ་དང་གཡེང་དཔྱང་མ་ལ་སོགས་ཀྱི་ཐབས་སྤྱད་དེ་རྒྱུགས་ལེན་དང་འབྲེལ་བའི་བརྡ་ཁྱབ་འོས་སྦྱོར་བྱ་མི་རུང་།   བརྡ་ཁྱབ་གཉེར་སྐྱོང་པ་དང་སྤེལ་མཁན་གྱིས་བརྡ་ཁྱབ་ཞིབ་བཤེར་གྱི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ།  བརྡ་ཁྱབ་སྤེལ་མཁན་གྱི་ཐོབ་ཐང་ལ་ཞིབ་བཤེར་ནན་མོ་དང་། བརྡ་ཁྱབ་ཀྱི་ནང་དོན་བདེན་པ་ཡིན་མིན་ལ་དཔྱད་ཞིབ་ནན་མོ་བྱས་ནས་དེའི་ཁྲིམས་མཐུན་རང་བཞིན་ལ་འགན་ལེན་བྱ་དགོས།

 གལ་སྲིད་མང་ཚོགས་ཀྱིས་ཁྲིམས་འགལ་སྒྲིག་འགལ་གྱི་བརྡ་ཁྱབ་རིགས་མཐོང་ན། ཁ་པར12315ལ་བརྒྱབ་ནས་ཞུ་གཏུག་བྱས་ཆོག

རྩོམ་སྒྲིག་པ། : ཁོན་ཐར་འཚོ།