2025ལོའི་མཐོ་རྒྱུགས་བསླེབ་ལ་ཉེ་བའི་སྐབས་འདིར། སློབ་མ་དང་ཁྱིམ་བདག་རྣམས་ལ་མཚོན་ན་འཚུབ་ཆ་ཆེ་ཞིང་ཁོམ་ལོང་བྲེལ་བའི་དུས་ཤིག་ཡིན་ལ། སློབ་མ་རྣམས་ལ་མཚོན་ན་མཐོ་རྒྱུགས་ནི་ཁོ་ཚོའི་མི་ཚེ་ཁྲོད་ཀྱི་གཡུལ་ཐབས་ཆེ་ཤོས་དེ་ལགས་པས། ཁོ་ཚོའི་བདེ་ཐང་གི་ཕྱོགས་ལ་གེགས་ཆད་ཅི་ཡང་མི་འབྱུང་ཆེད། རྒྱ་ཆེའི་ཁྱིམ་བདག་རྣམས་ཀྱིས་བདེ་ཐང་ཐད་ཀྱི་ཤ་ཚའི་དྲན་སྐུལ་འདི་ལམ་སེང་ཉར་ནས་གཡུལ་ས་འདི་ལས་རྣམ་པར་རྒྱལ་བར་གྲ་སྒྲིག་ལེགས་པོ་བྱེད་དགོས།
ཉེ་ལམ་ཚད་འཇལ་བྱས་པ་ལྟར་ན། ཟླ་དྲུག་པའི་ནང་སྔར་བཞིན་བྲོག་གསར་དང་། ཆམ་རིམས། ཆུ་འབྲུམ། དམར་འབྲུམ་ཚ་རིམས་ལ་སོགས་དབུགས་ལམ་གྱི་འགོ་ནད་ལ་འགོག་ཟོན་ནན་མོ་བྱེད་དགོས། ནམ་ཟླ་ཇེ་དྲོད་འགྲོ་བ་དང་བསྟུན་ནས་རྐང་ལག་ཁ་ནད་དང་། ཕྲ་སྲིན་རང་བཞིན་གྱི་རྒྱུ་གཟེར། འགོས་ནད་རང་བཞིན་གྱི་ཁོག་པ་བཤལ་བ་ལ་སོགས་རྒྱུ་མའི་འགོས་ནད་འབྱུང་བའི་ནད་པ་རིམ་བཞིན་ཇེ་མང་དུ་འགྲོ་སྲིད་པས་ཡིད་འཇོག་བྱེད་དགོས།
འགོག་ཟོན་བྱེད་ཐབས་ཀྱི་སྐོར།
རྒྱ་ཆེའི་བའི་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ཀྱིས་མི་སྒེར་གྱི་རིམས་འགོག་བྱེད་ཐབས་ནན་མོ་བཀོལ་ཏེ། སོ་སོའི་འཕྲོད་བསྟེན་ཐད་ལ་གོམས་གཤིས་ཡག་པོ་བཟུང་ནས་གློ་ལུ་རྒྱག་པ་དང་། སྦྲིད་པའི་རྗེས། ཟས་རོལ་པའི་སྔོན་དང་བསང་སྤྱོད་བསྡད་པའི་རྗེས། གློག་སྐས་ཀྱི་སྒོ་མཐེབ་དང་། བསྐུར་དངོས་ལ་སོགས་སྤྱི་གཞུང་གི་སྒྲིག་ཆས་ལ་ལག་པས་རེག་རྗེས་སུ་བཞུར་ཆུ་དང་འདག་རྫས་ཀྱིས་ལག་པ་གཙང་འཁྲུད་བྱེད་དགོས། གལ་ཏེ་སྒོའི་ཕྱིར་ལག་པ་འཁྲུད་མི་ཐུབ་ཚེ་ཐད་ཀར་སྤྱད་ཆོག་པའི་དུག་སེལ་རྫས་སྤྱད་དེ་དུག་སེལ་བྱས་ཆོག ལག་པ་མ་འཁྲུད་པ་དང་དུག་སེལ་མ་བྱས་པར་ཐད་ཀར་ཁ་དང་མིག སྣ་ལ་སོགས་ལ་མ་རེག་ན་ལེགས། ཁང་པའི་སྒོ་དང་སྒེའུ་ཁུང་དུས་ལྟར་ཕྱེས་ནས་རླུང་རྒྱག་ཏུ་འཇུག་དགོས། གཞན་མཐོ་རྒྱུགས་ཀྱི་སྐབས་ལ་ནངས་དགོང་གི་དྲོད་ཚད་ཅུང་དམའ་བས། སློབ་མ་རྣམས་ཀྱིས་ངེས་པར་དུ་ལྭ་བ་སྣོན་འཕྲི་འོས་འཚམ་རེ་བྱས་ནས་དྲོད་གྲང་མི་སྙོམས་པ་ལ་བརྟེན་ནས་ལུས་པོ་མི་བདེ་བ་འབྱུང་བ་སྔོན་འགོག་བྱས་ན་ལགས།
གལ་ཏེ། ཚ་རྒྱག་པ་དང་། གློ་ལུ་རྒྱག་པ། སྦྲིད་པ། སྐྱུག་པ། ཁོག་པ་བཤལ་བ་ལ་སོགས་ཀྱི་ནད་རྟགས་ཐོན་དུས། ལམ་སེང་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་དཔྱད་བཅོས་བྱས་ཏེ། ནད་བཅོས་ཀྱི་དུས་བཟང་འདའ་བ་ལ་བརྟེན་ནས་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་དང་། རྒྱུགས་ལེན་ལ་བར་ཆད་འབྱུང་བར་སྔོན་འགོག་བྱ་དགོས།
ཟས་ཆུ་ཕྱོགས་ནས་སྔོ་ཚལ་སོས་པ་དང་། སྤྲི་དཀར་དང་། འཚོ་རྒྱུ་དང་གཏེར་རྒྱུ་མང་པོ་འདུ་པའི་ཟས་རིགས་སྤྱད་ན་ལེགས། ཟས་གཡོ་བའི་སྔོན་ལ་གཙང་འཁྲུད་བྱས་ནས་སྤྱོད་དགོས། རབ་ཡིན་ན་འཁྱགས་ཟས་དང་རློན་ཟས་རིགས་མ་སྤྱད་ན་ལེགས། འཁྱགས་སྒམ་དུ་བཞག་པའི་ཟས་ཡང་བསྐྱར་བསྟེན་དུས་ངེས་པར་དུ་ཚ་པོ་ཚ་རྐྱང་བཟོས་ནས་བསྟེན་དགོས། ཉིན་རེར་ཆུ་ཁོལ་མང་དུ་འཐུང་ན་ལེགས། ཆུ་རློན་པ་མ་འཐུང་ན་ལེགས། ཤེལ་དེམ་ནང་གི་ཆུ་དང་། འགྱིག་ཟོམ་ནང་གི་ཆུ་རིགས་ཉོ་ན་ཚད་ལྡན་བཟོ་གྲྭའི་ཐོན་སྐྱེད་བྱས་པའི་དུས་ཆོད་ནང་གི་ཐོན་རྫས་ཉོས་ན་ལེགས།
སེམས་ཁམས་སྙོམས་སྒྲིག་ལེགས་པོ་བྱས་ནས་མཐོ་རྒྱུགས་བསུ་དགོས།
ཁྱིམ་བདག་དང་སློབ་མ་གཉིས་ཀས་བག་ཡངས་པོ་བྱས་ཏེ། སེམས་པ་ལྷོད་ལྷོད་དང་གནོན་ཤུགས་གཅོག་ཐབས་སུ་འགུལ་སྐྱོད་འོས་འཚམ་རེ་དང་། རོལ་དབྱངས་འོས་འཚམ་རེ་ལ་ཉན་པ་དང་། ཁྱིམ་མི་དང་གྲོགས་པོ་ལ་ཁ་བརྡ་རེ་བྱས་ན་ལགས།
མཐར་དམིགས་སུ་དྲན་སྐུལ་ཞིག་གནང་རྒྱུ་ནི། མཐོ་རྒྱུགས་ཀྱི་སྐབས་སུ། སློབ་མས་དུས་ཚོད་དམ་འཛིན་དང་། བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པ་ལ་སོགས་རྐྱེན་དུ་མས་དབང་གིས་ཐང་ལ་འགྱེད་པ་དང་། ཐོ་གཏུག་རྒྱག་པ་ལ་སོགས་བློ་ཡིད་ལས་འདས་པའི་དོན་དག་འབྱུང་སྲིད་པས། སྔ་མོ་ནས་མཐོ་རྒྱུགས་ཀྱི་ལམ་ཐིག་ལ་རྒྱུས་ལོན་དང་འཆར་གཞི་ལེགས་པོ་ཞིག་བཟོས་ནས་ལམ་གྱི་བདེ་འཇགས་ལ་ཁག་ཐེག་བྱ་རྒྱུ་རེ་བ་ཡིན།