སྲོལ་ཡིག་འདི་ཟླ6པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བ། ཟླ5པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལའེ་ཐིང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧྲེང་ཅེ་ཡོངས་བསྒྲགས་ཚོགས་འདུར་ཞུགས་ནས《མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོའི་སྐུལ་འདེད་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ《སྲོལ་ཡིག》ཞེས་བསྡུས་པ)ད་ལོའི་ཟླ6པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་་ཁྱབ་སྒྲོག་བྱས་པ་མ་ཟད། ཁྲིམས་འཛུགས་ཀྱི་རྒྱབ་ལྗོངས་དང་། ལྟེ་བའི་ནང་དོན། སྤྱི་ཚོགས་ཀྱི་དོན་སྙིང་བཅས་ལ་གསལ་འགྲེལ་བྱས། དེས་མཚོ་སྔོན་གྱི་ཁྱིམ་ཚང་སློབ་གསོའི་ལས་དོན་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་དུས་རིམ་གསར་པའི་ནང་སླེབས་པ་མཚོན།

“འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོར་དམིགས་པའི་ཆེད་དོན་ཁྲིམས་འཛུགས་ཐོག་མ་དེ་རེད”ཅེས་ལའེ་ཐིང་གིས་ངོ་སྤྲོད་བྱས་བྱུང་། 《སྲོལ་ཡིག》གཏན་འབེབས་བྱས་ནས་ལོ་གཉིས་ཙམ་གྱི་རིང་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་ཐེངས་གསུམ་དང་བརྟག་དཔྱད་ཞིབ་འཇུག་དང་གྲོས་སྡུར་ཐེངས་20ལྷག་བྱས་པ་བརྒྱུད་བསམ་འཆར300ལྷག་བསྡུ་རུབ་བྱས། ཁྲིམས་འཛུགས་བརྒྱུད་རིམ་ནང་གོང་རིམ་བཅའ་ཁྲིམས་ཀྱི་དགོངས་དོན་དང་ས་གནས་ཀྱི་ལག་ལེན་གཉིས་མཉམ་འདྲེས་གང་ལེགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱིམ་ཚང་དང་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་སྐོར་གྱི་རྒྱས་བཤད་གལ་ཆེན་དེ་ཞིབ་ཕྲའི་དོན་ཚན21ལ་བསྒྱུར་བ་དང་ཆབས་ཅིག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ7འབྲེལ་ཏེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དོན་ཚན49ཅན་གྱི་ལམ་ལུགས་མ་ལག་ཆགས།

ངོ་སྤྲོད་ལྟར་ན།《སྲོལ་ཡིག》གིས་དོན་དངོས་ཀྱི་དཀའ་གནད་ཆེན་པོ་གསུམ་ཐག་གཅོད་ཤུགས་ཆེན་བྱས་པ་སྟེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ཁུངས་ཆ་སྙོམས་མིན་པར་དམིགས་ནས་ནོར་སྲིད་འགན་སྲུང་ལམ་སྲོལ་བཙུགས་ནས་ཁྱིམ་ཚང་སློབ་གསོའི་གྲོན་དངུལ་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས་པའི་བླང་བྱ་བཏོན་པ། དམིགས་བསལ་ཁྱིམ་ཚང་གི་དགོས་མཁོར་དམིགས་ནས། གཞིས་ལུས་བྱིས་པ་དང་ཕ་མ་ཡ་གཅིག་གི་ཁྱིམ་ཚང་སོགས་ལ་རོགས་སྐྱོར་བྱེད་ཐབས་ཁག11བཟོས་པ། སློབ་གསོའི་འདུ་ཤེས་ཡོ་ཁྱད་ལ་དམིགས་ནས་ཁྱིམ་བདག་གྱིས“སློབ་གསོའི་ཁྲིད་སྟོན་བཅུ་”ལག་བསྟར་བྱེད་དགོས་པ་དང་ཁྱིམ་ཚང་གི་གཏུམ་སྤྱོད་དང་ཕོ་མོའི་དབྱེ་ནས་མཐོང་ཆུང་བྱ་རྒྱུར་གཏན་འགོག་བྱེད་དགོས་པ་ཁ་གསལ་བཟོས་ཡོད།

《སྲོལ་ཡིག》གིས“ཏང་ཨུའི་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། སྡེ་ཁག་གི་མཉམ་ལས། སྤྱི་ཚོགས་ཐེ་ཞུགས་བཅས་ཀྱི་ཕྱོགས་བཞི་ལས་ཀའི་ལམ་སྲོལ་འཛུགས་རྒྱུ་རེད། སྲིད་གཞུང་གི་འགན་སྲུང་འགན་ནུས་ལ་ལྷག་པར་དུ་ཤུགས་སྣོན་རྒྱག་རྒྱུ་སྟེ།གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུའི་མ་ལག་བཙུགས་ནས2026ལོའི་སྔོན་དུ་རྫོང་རིམ་པའི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ལྟེ་གནས་ཡོངས་སུ་ཁྱབ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན། ཆེད་ལས་ཅན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་བཙུགས་ནས་ལོ་གསུམ་ནང་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་དགེ་རྒན་ཁྲི1གསོ་སྦྱོང་ལེགས་སྒྲུབ་བྱ་རྒྱུ། ཆེད་དོན་ཐེབས་རྩ་བཙུགས་ནས་དམིགས་བསལ་གྱི་བྱས་རྗེས་འཇོག་མཁན་ལ་གཟེངས་བསྟོད་དང་སྐུལ་ལྕག་བྱ་རྒྱུ་བཅས་རེད། 

ཧོ་ཧྲེང་ཅེ་གིས་“ཁྱིམ་དང་སློབ་གྲྭ་དང་སྤྱི་ཚོགས་མཉམ་ལས་བྱེད་རྒྱུ་ནི་དོན་གནད་ཆེ་ཤོས་ཡིན”ཞེས་བཤད།《སྲོལ་ཡིག》གིས“བྱེད་པོ་གཉིས”མཉམ་ལས་ལམ་སྲོལ་གསར་གཏོད་བཙུགས་ཡོད་པ་སྟེ། སློབ་གྲྭས་ངེས་པར་དུ་ཁྱིམ་ཚང་སློབ་གསོ་དགེ་རྒན་གྱི་དཔྱད་ཞིབ་ནང་བཅུག་ནས་སློབ་དུས་རེར་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་བྱེད་སྒོ་ཐེངས4ལས་མི་ཉུང་བ་སྤེལ་དགོས། སྲིད་གཞུང་གིས་ཁྱིམ་ཚང་སློབ་གསོའི་ཆ་འཕྲིན་ཅན་གྱི་སྟེགས་བུ་འཛུགས་པ་དང་སྒྲིག་གཞི200ལྷག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ“སྐར་མ15ཡི་ཁྱིམ་ཚང་སློབ་གསོའི་ཞབས་ཞུ་ཚོགས་པ”གཏོད་དགོས། སློབ་གྲྭའི་བརྙས་བཅོས་སོགས་གླེང་མང་བའི་གནད་དོན་ལ་དམིགས་ནས་སློབ་གྲྭས་རིམ་པ་དབྱེ་ནས་ཐེ་གཏོགས་བྱེད་པའི་ལམ་སྲོལ་བཙུགས་ནས་ཁྱིམ་བདག་དང་མཉམ་འགུལ་གྱིས་སློབ་གསོ་ཡོ་བསྲང་བྱེད་དགོས་པའི་ཁ་གསལ་བྱེད་དགོས་ཟེར།

《སྲོལ་ཡིག》གིས་མི་རིགས་ས་ཁུལ་བཅོས་སྐྱོང་གི་ཐབས་ཤེས་བསྲེས་ནས་རྒྱལ་ཡོངས་གྱི“འདུ་ཤེས་གཉིས”སློབ་གསོའི་དོན་ཚན་ཐོག་མར་གསར་གཏོད་བྱས་པ་སྟེ། ཁྱིམ་བདག་གིས་བུ་ཕྲུག་གི་རྒྱལ་ཁབ་འདུ་ཤེས་དང་ཀྲུང་ཧྭ་མི་རིགས་ཐུན་མོང་སྒྲིག་གཞིའི་འདུ་ཤེས་གསོ་སྐྱོང་བྱས་ནས་སྐྱེ་ཁམས་དཔལ་ཡོན་སློབ་གསོར་ཤུགས་སྣོན་བྱ་དགོས་པའི་བླང་བྱ་བཏོན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་གནས་བབ་ལ་དམིགས་ནས“སྐྱེ་ཁམས་སློབ་གསོའི”ཆེད་དོན་ལེའུ་བསྣན་ཏེ། ཁྱིམ་བདག་གིས་ལོ་ན་མ་སོན་པའི་མིར་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བར་ཁྲིད་སྟོན་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ལག་ལེན་བྱེད་སྒོར་ཞུགས་དགོས་པ་གཏན་འབེབས་བྱས་ཡོད།

“སྲོལ་ཡིག་འདི་ནི་ཁྲིམས་སྐྱོང་ལས་གཞི་ཡིན་ལ། དམངས་ཚིས་ལས་གཞི་ཞིག་ཀྱང་ཡིན”ཞེས་ལེ་ཐིང་གིས《སྲོལ་ཡིག་》ནང་བཙན་ཤེད་སྙན་ཞུ་དང་ཡིད་རྟོན་སྐུལ་ལྕག་སོགས་ལམ་ལུགས་ཁག་བརྒྱད་བཙུགས་ནས་ཁྱིམ་ཚང་སློབ་གསོ་དེ“གཅུན་སྡོམ་མཉེན་པོ”ནས“བླང་བྱ་མཁྲེགས་པོར”བསྒྱུར་ཡོད། 《སྲོལ་ཡིག》ལག་བསྟར་བྱས་པ་དང་ཆབས་ཅིག་མཚོ་སྔོན་གྱི་ཁྱིམ་ཚང་སློབ་གསོའི་ཐད་ཁྲིམས་སྐྱོང་སྲུང་སྐྱེལ་གྱི་ལེའུ་གསར་པ་ཞིག་གཏོད་རྒྱུ་རེད་ཅེས་བཤད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།