མཚོ་སྔོན་སོགས་ས་གནས12ཀྱིས་མཉམ་འབྲེལ་ཐོག་དྲན་སྐུལ་གསར་ཤོས་ཁྱབ་སྒྲོག་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། གཡང་སྐྱིད།

ཟླ5པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཧྲའན་ཤིས་དང་། ཀན་སུའུ། ཉིང་ཞ་སོགས་ས་གནས12ཀྱི་འཛད་སྤྱོད་པའི་རྩ་འཛུགས་དང་མཉམ་འབྲེལ་བྱས་ཏེ་རྒྱ་ཆེའི་འཛད་སྤྱོད་པ་དང་གཉེར་སྐྱོང་བྱེད་པོའི་ལ་ཐུན་མོང་ཐོག་ཚོང་ཟོག་ཐུམ་སྒྲིལ་ཚད་ལས་བརྒལ་བའི་འཛད་སྤྱོད་དྲན་སྐུལ་ཁྱབ་སྒྲོག་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ཚོང་ཟོག་ཐུམ་སྒྲིལ་ཚད་ལས་བརྒལ་བར་བཀག་འགོག་དང་། ཐོན་ཁུངས་འཕྲོ་བརླག་གཏོང་བར་བཀག་འགོག་བྱས་ནས་སྟབས་བདེ་འོས་འཚམ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འཛད་སྤྱོད་དར་སྲོལ་གསར་པ་དར་སྤེལ་བཏང་།

ཉེ་བའི་ལོ་ཤས་རིང་ཚོང་ཟོག་གི་རིམ་པ་མཐོ་ཤོས་དང་རྒྱས་སྤྲོས་དོན་གཉེར་བྱ་ཆེད། ཚོང་པ་ཁག་ཅིག་གིས་རྙོག་འཛིང་ཆེ་བའི་ཐུམ་སྒྲིལ་ཚད་ལས་བརྒལ་བའི་སྣང་ཚུལ་རྒྱུན་དུ་མཐོང་རྒྱུ་ཡོད། ཐུམ་སྒྲིལ་ཚད་ལས་བརྒལ་བ་དེས་ཐོན་ཁུངས་འཕྲོ་བརླག་དང་ཁོར་ཡུག་སྦགས་བཙོག་བཟོས་པ་མ་ཟད། ད་དུང་འཛད་སྤྱོད་པའི་ཉོ་སྒྲུབ་མ་གནས་ཇེ་མཐོར་བཏང་ནས་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དང་རྒྱབ་འགལ་དུ་ཕྱིན་ཡོད། ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ཀྱིས་ངེས་པར་དུ་ཚོང་ཟོག་ཐུམ་སྒྲིལ་ཚད་ལས་བརྒལ་བར་ཚོད་འཛིན་བྱེད་པའི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་པོ་དང་། རྒྱལ་ཁབ་ཀྱི་ཚད་གཞིའི་བླང་བྱ་བརྩི་སྲུང་། ལྗང་མདོག་གི་ཐུམ་སྒྲིལ་ལག་རྩལ་ཁྱབ་གདལ། གྲུབ་ཆ་ལྷག་མ་ཉུང་གཏོང་བཅས་ བསྐྱར་ཟློས་བེད་སྤྱོད་ཆོག་པ་དང་ཡུལ་ལྗོངས་མང་པོར་བཀོལ་སྤྱོད་ཐུབ་པའི་ཐུམ་སྒྲིལ་ཇུས་འགོད་གསར་སྤེལ་བྱས་ཏེ། ཐུམ་སྒྲིལ་ཚད་ལས་བརྒལ་བའི“མཐོ་རིམ་རྫུས་མའི”གཟུགས་བརྙན་བཟོ་སྐྲུན་ཐབས་ལམ་དེ་དོར་ནས་་སྤུས་ཚད་ལ་བརྟེན་ནས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་། 

བརྒྱུད་ཚོང་ཚོང་པ་ནི་ཐུམ་སྒྲིལ་ཚད་ལས་བརྒལ་བར་བཀག་འགོག་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཐོན་རྫས་འདེམས་པ་དང་། ཕྱིར་ཚོང་། མཛོད་ཉར།  ལྡོག་ལན་སོགས་ཕྱོགས་མང་པོའི་ཐད་ནས་མཐུན་སྦྱོར་ངང་ནུས་ཤུགས་འདོན་ཐུབ། ཐོན་རྫས་འདེམ་པའི་དུས་རིམ་ནང་ཐུམ་སྒྲིལ་ཞིབ་བཤེར་གྱི་ཚད་གཞི་ནན་པོ་བཟོས་ནས་སྟབས་བདེ་བའི་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་དེ་མཁོ་འདོན་བྱེད་མཁན་ཚོང་པའི་མཉམ་ལས་དཔྱད་དཔོག་གི་མ་ལག་ནང་བཅུག་སྟེ། འབེབས་འབྱེད་ཐུབ་པའི་རྒྱུ་ཆ་ལེགས་ཤོས་སྤྱད་པའི་ཐོན་རྫས་ཇུས་འགོད་སྤུས་ལེགས་ཅན་སྔོན་ལ་ཉོ་སྒྲུབ་དང་། ཐུམ་སྒྲིལ་རིམ་པ་ཚད་ལས་བརྒལ་བ་དང་ཟད་གྲོན་རྒྱུ་ཆ་འཕྲོ་ལྷག་ཅན་གྱི་ཐོན་རྫས་རིགས་ཚོང་རའི་འཁོར་རྒྱུག་ཁྲོད་ནས་བཀག་འགོག་བྱ་རྒྱུ།    མཛོད་ཉར་དོ་དམ་བྱེད་སྐབས། དངོས་ཟོག་འཇོག་ས་འཆར་འགོད་ལུགས་མཐུན་བཟོས་ཏེ་བར་སྟོང་མི་ཆོད་པའི་ཐུམ་སྒྲིལ་ཆེ་དྲགས་ཆུང་དུ་བཟོ་བ་དང་མཛོད་ཉར་དང་སྐྱེལ་འདྲེན་གྱི་མ་གནས་ཇེ་དམའ་རུ་གཏང་རྒྱུ། ཕྱིར་འཚོང་བྱེད་རིང་ལྗང་མདོག་འཛད་སྤྱོད་ཀྱི་དྲན་སྐུལ་མཚོན་རྟགས་བཟོ་བ་དང་ཁོར་ཡུག་སྲུང་སྐྱོང་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་རང་འགུལ་ངང་འཛད་སྤྱོད་པར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བརྒྱུད་སྤྲོད་དང་། རྗེས་དཔག་འཛད་སྤྱོད་ལ་ཁྲིད་སྟོན། ཐུམ་སྒྲིལ་རྒྱས་སྤྲོས་ཀྱི་ཚད་དེ་ཚོང་གཉེར་གྱི་གཡོ་འཕྲུལ་དུ་མི་བརྩི་བར་རང་གིས་ཐུམ་སྒྲིལ་འཁྱེར་ནས་ཚོང་ཟོག་ཉོ་བའི་འཛད་སྤྱོད་བེུད་སྟངས་དར་སྤེལ་ཐད་ནས་སྐུལ་ལྕག་བྱ་རྒྱུ།

འཛད་སྤྱོད་པས་ཉོ་སྒྲུབ་བྱེད་སྐབས་ཚན་རིག་དང་། ལྷད་མེད།  བདེ་ཐང་། ཚུལ་མཐུན་་བཅས་ཀྱི་སྒོ་ནས་འཛད་སྤྱོད་འདུ་ཤེས་འཛུགས་དགོས་པ་དང་། ཚོང་ཟོག་རང་སྟེང་གི་སྤུས་ཚད་དང་ནུས་པར་མཐོང་ཆེན་བྱས་ཏེ། གཞན་ལ་བསྡུར་པའི་སྤྱོད་ཚུལ་དོར་ནས་སྔོན་ལ་ཐུམ་སྒྲིལ་སྟབས་བདེ་དང་ཐོན་ཁུངས་གྲོན་ཆུང་ཅན་གྱི་ཚོང་ཟོག་འདེམས་དགོས་པ་ལས་ཐུམ་སྒྲིལ་ཚད་བརྒལ་ཅན་རིགས་ཉོ་སྒྲུབ་མི་བྱེད་རོགས། 

ས་གནས12ཀྱི་འཛད་སྤྱོད་པའི་རྩ་འཛུགས་ཀྱིས་དྲན་སྐུལ་དུ། ཚོང་ཟོག་ཐུམ་སྒྲིལ་ཐལ་དྲགས་པར་བཀག་འགོག་ཐད་ལ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཏེ། ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཏེ་ལྗང་མདོག་གི་ཐུམ་སྒྲིལ་ཐོན་རྫས་མཁོ་འདོན་བྱེད་དགོས་པ་དང་།འཛད་སྤྱོད་པས་ཡང་དག་པའི་འཛད་སྤྱོད་འདུ་ཤེས་བཟུང་ནས་ཐུམ་སྒྲིལ་ཚད་ལས་བརྒལ་བའི་ཚོང་ཟོག་རང་འགུལ་ངང་བཀག་འགོག་བྱེད་དགོས་པ་དང་། འཛད་སྤྱོད་བྱེད་སྐབས་ཚོང་ཟོག་ཐུམ་སྒྲིལ་ཚད་ལས་བརྒལ་བའི་བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་མི་མཐུན་པའི་ཆུད་ཟོས་ཀྱི་བྱ་སྤྱོད་འཕྲད་ཚེ་རང་འགུལ་ངང་འབྲེལ་ཡོད་ལས་ཁུངས་ལ་ཞུ་གཏུག་དང་ཐེར་འདོན་བྱེད་དགོས་ཞེས་བསྟན་འདུག །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།