མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་དུས་ཀྱི“མཚོ་སྔོནBA”ཟི་ལིང་འགྲན་ཁུལ་གྱི་རྟིང་རྩོད་འགྲན་སྡུར་དེ་དངོས་སུ་མགོ་བརྩམས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་དུས་ཀྱི“མཚོ་སྔོནBA”ཟི་ལིང་འགྲན་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་དེ་དངོས་སུ་མགོ་བརྩམས། མ་འོངས་པའི་ཉིན་གསུམ་རིང་། ཟི་ལིང་གྲོང་ཁྱེར་ཆུས་ལྔ་རྫོང་གཉིས་ཀྱི་རུ་ཁག་དྲག་འདེམ7གྱི་ལུས་རྩལ་པ100ལྷག་གིས་འགྲན་བསྡུར་ཛ་དྲག་བྱ་རྒྱུ་རེད།

2024ལོའི་ཟླ12པར་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་དུས་ཀྱི“མཚོ་སྔོནBA”དམངས་ཀྱི་ལྒང་ལིའི་སྦྲེལ་འགྲན་ཟི་ལིང་འགྲན་ཁུལ་རིམ་བསྟར་འགྲན་བསྡུར་མགོ་བརྩམས་པ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཀྱི་ཞང་དང་གྲོང་རྡལ70དང་སྲིད་འཛིན་སྡེ་བ276གིས་དང་ལེན་བྱས་ནས་བསྡོམས་པས་ལྒང་ལིའི་འགྲན་བསྡུར1245སྤེལ། དེས་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་བ་མ་ཟད། ཞིང་སྡེའི་གཟི་མདངས་ངོམ་པ་དང་ཞིང་སྡེའི་བརྗེ་རེས་ལ་སྐུལ་འདེད་ཀྱི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་པས། ཞིང་སྡེ་དར་སྤེལ་གྱི་མཉམ་ཤུགས་བསྡུ་བར་སྐུལ་འདེད་བཏང་ཡོད།

“མཚོ་སྔོནBA”ཡི་འགྲན་བསྡུར་དེ་ནི་ལུས་རྩལ་གྱི་སྟེགས་བུ་ཞིག་ཡིན་པ་མ་ཟད། ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར་ཚོང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་འབྲེལ་ཐག་གལ་ཆེན་ཞིག་ཀྱང་ཡིན། རིམ་བསྟར་འགྲན་བསྡུར་སྤེལ་བའི་ཡུན་དུ། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་ཞིང་སྡེའི་ཡུལ་སྐོར་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམ་ཚོང་། དམངས་སྲོལ་རིག་གནས་འགྲེམ་སྟོན་སོགས་སྣ་མང་གི་ལས་སྒོ་དག་གཅིག་དུ་འབྲེལ་ནས“ལུས་རྩལ+”ཡི་འཕེལ་རྒྱས་རྣམ་པ་བཏོད་ནས། ལྒང་ལི་འགྲན་བསྡུར་གྱི་འགུག་ཤུགས་ལ་བརྟེན་ནས་ཡུལ་སྐོར་པ་དང་འཛད་སྤྱོད་པ་ཞིང་གྲོང་དུ་བཀུག་ནས་ཞིང་གྲོང་གི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་ཉམས་སུ་མྱོང་བ་དང་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ལ་མྱོང་རོལ་བྱས་ཏེ། ཞིང་གྲོང་གི་ཡུལ་སྐོར་དང་ཞིང་ཞོར་ཐོན་རྫས་འགྲེམ་ཚོང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རིམ་བསྟར་འགྲན་བསྡུར་གྱི་མཇུག་བསྡུ་བའི་འགྲན་བསྡུར་ཡིན་པའི་ཆ་ནས་ཐེངས་འདིའི་འགྲན་བསྡུར་དེ་ལུས་རྩལ་འགྲན་བསྡུར་གྱི་གསོལ་སྟོན་རྒྱ་ཆེན་པོ་ཞིག་ཡིན་པ་མ་ཟད། རིག་གནས་བརྗེ་རེས་དང་སྙིང་སྟོབས་རྒྱུད་འཛིན་བྱེད་པའི་གོ་སྐབས་ཤིག་ཡིན། འགྲན་བསྡུར་དེས་མུ་མཐུད་དུ་ལྒང་ལིའི་ལུས་རྩལ་དེ་ཞིང་ཆེན་ཡོངས་སུ་ཁྱབ་གདལ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ལུས་རྩལ་འགྲན་བསྡུར་དང་རིག་གནས་ཡུལ་སྐོར། གྲོང་གསེབ་དར་སྤེལ་སོགས་ཐོན་ལས་ཀྱི་མཉམ་འདྲེས་གཏིང་ཟབ་ལ་གསོན་སྟོབས་གསར་པ་བསྣན་ཏེ། གྲོང་ཁྱེར་ཡོངས་ཀྱི་ལུས་རྩལ་བྱ་གཞག་རབ་ཏུ་རྒྱས་པའི་ཐེམ་སྐས་གསར་པ་ཞིག་ཏུ་སྤོ་བར་གཞོགས་འདེགས་བྱས། །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།