2025ལོའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་བདེ་བླག་ངང་རྒྱུགས་ལ་ཞུགས་པ་དང་། ཐོབ་ཐང་དཔང་ཡིག་ལེན་པའི་འཕྲལ་བསྟུན་དགོས་མཁོ་སྐོང་ཆེད། ཟླ5བའི་ཚེས20ཉིན་ནས་མཐོ་རྒྱུགས་མཇུག་སྒྲིལ་པའི་བར་དུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མཐོ་རྒྱུགས་ལ་ཞུགས་པའི་སློབ་མའི་ཐོབ་ཐང་ལག་ཁྱེར་རེ་ཞུ་བྱེད་པའི“ལྗང་མདོག་བགྲོད་ལམ”ཞབས་ཞུ་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས།
ཞིང་ཆེན་ཡོངས་ཀྱི་ཐེམ་ཐོ་སྒེའུ་ཁུང་དང་ཁྱིམ་སྲིད་ཚོམས་ཆེན་གྱིས“ལྗང་མདོག་བགྲོད་ལམ”ཤར་གཏོང་བྱས་པ་བརྒྱུད་ཁ་ཆད་བྱེད་པ་དང་། དུས་ཚོད་འགོར་འགྱངས། དུས་ནོར། ABལས་གནས་སོགས་སྟབས་བསྟུན་གྱི་ཞབས་ཞུའི་བྱེད་ཐབས་སྤྱད་ནས། དུས་ཆེན་གྱི་ཚད་བཀག་མེད་པར་བཟོས་ནས་ཉིན་གཅིག་ལ་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་ལེན་ཐུབ་པར་བྱས་པ་སྟེ། ཉིན་དེར་རེ་ཞུ་དང་ཉིན་དེར་ཞིབ་བཤེར་དང་ཆོག་མཆན་འགོད་པ། ཉིན་དེར་ཆ་འཕྲིན་བསྐུར་བ་བཅས་བྱས་ནས། རེ་ཞུ་བྱེད་པའི་དུས་ཡུན་ཇེ་ཐུང་དུ་བཏང་ཡོད། ཞིང་ཆེན་སྤྱི་བདེ་ཐིང་གི་གྲོང་མིའི་ཐོབ་ཐང་ལག་ཁྱེར་བཟོ་པའི་ལྟེ་གནས་ཀྱིས་ལས་སྒྲུབ་དུས་ཚོད་ཇེ་རིང་དུ་བཏང་ནས། རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་བཟོ་པའི་གཞི་གྲངས་ལས་ཉིན་དེར་ཆ་འཕྲིན་ཐོ་འགོད་དང་། ཉིན་དེར་ཐུམ་སྒྲིལ། ཉིན་དེར་སྦྲག་སྐྱེལ་བྱེད་པ་བཅས་མངོན་འགྱུར་བྱས་ཡོད། ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ལ་ཐོབ་ཐང་ལག་ཁྱེར་འབྱོར་རྗེས། མྱུར་དུ་མངགས་གཏོང་ཁང་དུ་བསྐུར་བ་དང་། བདག་སྤྲོད་བྱ་ཡུལ་གྱིས་ཀྱང་མྱུར་དུ་རྒྱུགས་ལེན་སློབ་མའམ་ཡང་ན་ཁྱིམ་བདག་ལ་ཐོབ་ཐང་ལག་ཁྱེར་ལེན་དུ་ཡོང་དགོས་པའི་བརྡ་གཏོང་ངེས་ཡིན།
དེ་ལས་གཞན། ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ད་དུང་རྒྱུགས་ལེན་ཡུལ་དངོས་སུ“གནས་སྐབས་ཐོབ་ཐང་དཔང་ཡིག་ཞབས་ཞུའི་ས་ཚུགས”བཙུགས་ནས། ཐོབ་ཐང་ལག་ཁྱེར་བོར་བ་དང་ཆག་སྐྱོན་ཐེབས་པའི་རྒྱུགས་ལེན་སློབ་མར་དམིགས་ནས། ཡུལ་དངོས་སུ་ཐོབ་ཐང་ཞིབ་དཔྱད་བྱེད་པ་དང་གནས་སྐབས་ཀྱི་ཐོབ་ཐང་དཔང་ཡིག་སྤྲད་ནས་བདེ་བླག་ངང་མཐོ་རྒྱུགས་ལ་ཞུགས་པར་ཕྱོགས་ཡོངས་འགན་ལེན་བྱ་རྒྱུ་རེད། །