མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐང་གིས་དཔལ་འབྱོར་ཉེས་གསོག་གི་གྱོད་དཔེ་ལྔ་ཁྱབ་སྒྲོག་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ5ཚེས15ཉིན།  རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་དེར་འགོག་ཟོན་བྱེད་པའི་དྲིལ་སྒྲོག་ཉིན་མོ་ཨང16པ་བསུ་བའི་སྔ་ཆར་ལ།   མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་སྤྱི་ཚོགས་ལ་དཔལ་འབྱོར་གྱི་ཉེས་གསོག་གྱོད་དཔེ་ལྔ་ཁྱབ་སྒྲོག་བྱས་ཤིང་།  དེའི་ནང་གན་རྒྱའི་བསླུ་བྲིད་དང་།  ཁྲིམས་འགལ་གྱིས་དབོར་འདྲེན་དངུལ་སྒོར་རྫུན་མ་ཉར་བ།   ཡིད་རྟོན་བྱང་བུའི་བསླུ་བྲིད།  མ་དངུལ་བསྡུ་རུབ་ཀྱི་བསླུ་བྲིད།  མ་དངུལ་གཞན་སྤྱོད་ལ་སོགས་པའི་རིགས་དུ་མ་འདུ།

ཉེ་བའི་ལོ་རིང་ལ།  ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་དཔལ་འབྱོར་མྱུལ་ཞིབ་སྡེ་ཚན་གྱིས་དུས་བདེ་མཚོ་སྔོན་འཛུགས་སྐྲུན་གྱི་གཙོ་ཐིག་དམ་དུ་བཟུང་སྟེ། མང་ཚོགས་ཀྱི་དོ་ཁུར་བྱེད་སར་དམིགས་ནས“རྒོལ་རྡུང”ལས་འགུལ་དང་།  ཁྲལ་ལག་རྫུན་སྤྲོད།  ཁྲིམས་འགུལ་དངུལ་བསྡུ་ལ་སོགས་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་མུ་མཐུད་དུ་སྤེལ།  དཔལ་འབྱོར་ཉེ་གསོག་དྲ་རྒྱ་ཅན་དང་ལས་རིགས་ཅན་དུ་འགྱུར་བའི་གནས་སྟངས་ལ་དམིགས་ཏེ།  ཆེད་ལས་ཉེན་རྟོག་དམག་གི་ཐབས་ཤེས་གང་ལེགས་བེད་སྤྱད་ནས་གྲངས་ཀ་ཅན་གྱི་མྱུལ་ཞིབ་བྱེད་སྟངས་གསར་པ་ཧུར་ཐག་གིས་བཙུགས།  དེ་མ་ཟད་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་ནུས་པ་ཆེར་བསྐྱེད་དང་།  ཉེན་རྟོག་དང་ཁེ་ལས་བར་གྱི་འབྲེལ་ལམ་རྒྱ་སྐྱེད་བཏང་ནས་ཁེ་ལས་གོང་སྤེལ་ཐད་ལ་སྲུང་སྐྱོབ་བྱས།   གཞི་གྲངས་ལས་མངོན་པ་ལྟར་ན།  བྱེད་ཐབས་ཕན་ལྡན་རབ་དང་རིམ་པའི་ཕན་འབྲས་མངོན་གསལ་རེད། 2024ལོ་ནས་བཟུང་ཞིང་ཆེན་ཡོངས་ནས་དཔལ་འབྱོར་ཉེས་གསོག་གི་གྱོད་དཔེ་མི་འདྲ་བ439ཐག་བཅད་ནས་དཔལ་འབྱོར་གྱི་གྱོད་གུད་སྒོར་དུང་ཕྱུར3.7ལྷག་ཕྱིར་བླངས།

  ཞིང་ཆེན་སྤྱི་བདེ་ཐིང་གི་འབྲེལ་ཡོད་འགན་ཁུར་བས་འདི་སྐད།  ཐེངས་འདིའི་གྱོད་དཔེ་ཁྱབ་སྒྲོག་བྱས་པའི་དམིགས་ཡུལ་ནི་ཉེས་གསོག་གི་བྱེད་ཐབས་ལ་དབྱེ་ཞིབ་གསལ་བོ་བྱས་ནས་ཉེན་བརྡའི་ཚུལ་དུ་གཉེར་སྐྱོང་བྱེད་པོ་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་འགོག་ཟོན་ནུས་པ་མཐོར་འདེགས་བྱ་ཆེད་ཡིན།   སླད་ཕྱིན། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་མྱུལ་ཞིབ་སྡེ་ཚན་གྱིས་དུས་རབས་གསར་པའི་སྤྱི་བདེའི་དཔལ་འབྱོར་མྱུལ་ཞིབ་བྱ་བའི“གསུམ་ལྔའི”ལས་གཞི་སྣེ་ཁྲིད་དུ་བཟུང་སྟེ།   “ཆེད་ལས+སྒྲིག་སྲོལ+གཞི་གྲངས་ཆེན་མོ”ཡི་ཉེན་རྟོག་ལས་དོན་པའི་ལས་སྒྲུབ་བྱེད་སྟངས་གསར་པར་བསྒྱུར་བ་དང་། སྤྱི་བདེའི་དཔལ་འབྱོར་མྱུལ་ཞིབ་ཀྱི་ལས་ཀ་དེང་རབས་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་དང་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་ལེགས་པོ་བྱ་འཆར་ཡོད་ཟེར། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།