མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་ཚན་རྩལ་གསར་གཏོད་འགྲན་སྡུར་ཆེནམོ་སྐབས40པ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་ཚན་རྩལ་གསར་གཏོད་འགྲན་སྡུར་སྐབས40པའི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཁང་དུ་འཚོགས། སྐབས་འདིའི་འགྲན་བསྡུར་ཆེན་མོའི་ནང་“གསར་གཏོད་དང་། འགན་འཁྲི། ཡིད་རྟོན་དང་མཉམ་ལས”བརྗོད་བྱ་གཙོ་བོར་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་ཁྲི4ལྷག་ཙམ་དེའི་ནང་ཞུགས་པའི་ཡིད་དབང་བཀུག་ཡོད། དེའི་ནང་ཕུལ་བྱུང་བརྩམས་ཆོས178མཐའ་མའི་གདེང་འཇོག་ནང་ཚུད་ཡོད་པ་དང་དེའི་ནང་དོན་ཚན་རྩལ་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པས་རང་ཞིང་གི་གཞོན་ནུ་ལོ་ཆུང་གི་གསར་གཏོད་ཀྱི་གསོན་ཤུགས་གང་ལེགས་མངོན་ཡོད།

སྐབས་འདིའི་འགྲན་སྡུར་ཆེན་མོ་ནི་ཞིང་ཆེན་ཚན་རྩལ་མཐུན་ཚོགས་དང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ཚན་རྩལ་ཐིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་ལུས་རྩལ་ཅུའུ། ཞིང་ཆེན་གཞོན་ཚོགས་ཞིང་ཆེན་དང་ཞིང་ཆེན་ཨུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་།དེ་ནི་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་།རིམ་པ་མཐོ་ཤོས་ཡིན་པ།ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་འགྲན་བསྡུར་བྱེད་སྒོའི་གྲས་ཤིག་ཡིན། འགྲན་བསྡུར་ཆེན་པོའི་རྣམ་གྲངས་ནང་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་གྲུབ་འབྲས་རྣམ་གྲངས་དང་།ཚན་རྩལ་ཟུར་ཁྲིད་པའི་ཚན་རྩལ་སློབ་གསོའི་གསར་གཏོད་གྲུབ་འབྲས་རྣམ་གྲངས།གཞོན་ནུ་ལོ་ཆུང་གི་ཚན་རྩལ་ལག་ལེན་བྱེད་སྒོའི་རྣམ་གྲངས།ལོ་ཆུང་བྱིས་པའི་ཚན་རིག་སྟོང་བསམ་རི་མོའི་རྣམ་གྲངས་བཅས་ཚུད་ཡོད་པ་རེད། འགྲན་སྡུར་ནང་ཞུགས་མཁན་བདམས་ཐོན་པས་དངོས་ལུགས་དང་།རྫས་འགྱུར་།སྐྱེ་དངོས་།རྩིས་འཁོར་།ལས་གྲྭ་སོགས་སྔོན་ཐོན་ཚན་རྩལ་ཁྱབ་ཁོངས་ལ་དམིགས་ནས་གྲུབ་འབྲས་འགྲེམས་སྟོན་དང་།ཚན་རིག་དང་མཐུན་པའི་བྱ་ཐབས་འགྲེལ་བཤད།སྤྱི་ཚོགས་ཀྱི་རིན་ཐང་འགྲེལ་བཤད་བཅས་བརྒྱུད་ཇུས་འགོད་ཁྲོད་ཀྱི་མཉམ་ལས་གསར་གཏོད་དང་ཉེར་སྤྱོད་རིན་ཐང་ཕྱོགས་མང་པོའི་ཐོག་ནས་འགྲེམས་སྟོན་བྱས་ནས་གཞོན་ནུ་ལོ་ཆུང་ཚོགས་པའི་གསར་གཏོད་བསམ་གཞིགས་དང་།ལག་ལེན་ནུས་པ།སྤྱི་ཚོགས་ཀྱི་གནད་དོན་ལ་དོ་ཁུར་བྱེད་ཚད།ཐག་གཅོད་ནུས་པ་བཅས་མཚོན་གྱི་ཡོད། དེ་དང་ཆབས་ཅིག་གཞོན་ནུ་བྱིས་པའི་ཚན་རིག་སྟོང་བསམ་རི་མོའི་ནང་ཞུགས་པའི་བདམས་ཐོན་པས་བྱིས་པའི་ལྷག་བསམ་གྱི་ལྟ་ཕྱོགས་ཐོག་ནས་བསམ་པའི་བཀོད་ཤུགས་དང་གསར་གཏོད་ནུས་པ་ས་གནས་ས་ཐོག་ཏུ་འགྲན་བསྡུར་བྱས་ནས་གཞོན་ནུ་ལོ་ཆུང་གི་སེམས་ནང་གི་འབྱུང་འགྱུར་ཚན་རྩལ་འཕེལ་རྒྱས་ཀྱི་འཆར་གཞི་དང་འབྱུང་འགྱུར་གྱི་རེ་སྒུག་མངོན།

སྐབས་འདིའི་འགྲན་སྡུར་ཆེན་མོ་ད་ལོའི་ཟླ་2པ་ནས་བཟུང་སྒྲིག་འཛུགས་ལག་བསྟར་བྱས་པ་དང་ཕུལ་བྱུང་བརྩམས་ཆོས་ཁྱོན་1086འབྱོར་བ་དང་རིམ་པ་རིམ་པ་འདེམས་སྒྲུག་བྱས་པ་བརྒྱུད་ཕུལ་བྱུང་བརྩམས་ཆོས་178མཐའ་མའི་གདེང་འཇོག་ནང་ཚུད་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།སྐབས་འདིའི་འགྲན་སྡུར་ཆེན་པོའི་བརྩམས་ཆོས་ཀྱི་གྲངས་འབོར་དང་སྤུས་ཚད་སྔོན་ཆད་དང་བསྡུར་ན་མཐོ་རུ་ཕྱིན་ཡོད། མཐའ་མའི་གདེང་འཇོག་ཐོག་ཐག་བཅད་པའི་ཕུལ་བྱུང་བརྩམས་ཆོས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ནས་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་པོའི་ནང་ཞུགས་ནས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་ཐོག་མཚོ་སྔོན་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་ཚན་རྩལ་གསར་གཏོད་འགྲན་སྡུར་དེ་1985ལོར་གཉེར་བ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཕྱོགས་ནས་དཔེ་སྟོན་རང་བཞིན་གྱི་ཚན་རྩལ་ལག་ལེན་བྱེད་སྒོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། རང་ཞིང་གི་སློབ་གྲྭ་ཆུང་འབྲིང་གི་ཁྲོད་དུ་ཤུགས་རྐྱེན་རྒྱ་ཁྱབ་ཏུ་ཆགས་ཡོད། གཞོན་ནུ་ལོ་ཆུང་གི་ཚན་རིག་སྤྲོ་སྣང་སྐུལ་སློང་དང་།ཁོང་ཚོའི་གསར་གཏོད་སྙིང་སྟོབས་དང་ལག་ལེན་ནུས་པ་གསོ་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ།ཚན་རྩལ་གསར་གཏོད་ཀྱི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།