གཅིག་སྒྲིལ་རྫོང་གིས“དམིགས་པ་གསུམ”ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི“སློབ་བརྟག་བསྒྱུར”གསུམ་གྱི་ཁ་ཕྱོགས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་མཐོང་ཆེན་མཐོན་པོ་དང་། ཞིབ་འཇུག་དང་བཀོད་སྒྲིག་ནན་ཏན། རྩ་འཛུགས་ལག་བསྟར་དམ་པོ། ཏང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཨུའི་གཙོ་གནད་རྩད་གཅོད་གནད་དོན་ལ་ཞིབ་བསྡུར་བྱེད་པ། སློབ་པ་དང་སྒྲུབ་པ་གཉིས་ཟུང་འབྲེལ་དམ་པོ་བྱེད་པ། བརྟག་དཔྱད་དང་བསྒྱུར་བ་གཉིས་གཅིག་ཏུ་རྒྱུ་བ། “སློབ་བརྟག་བསྒྱུར”གསུམ་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གནད་དོན་དག་ཐེར་གྱིས་ཕན་ནུས་མཐོར་འདེགས་བཏང་ཞིང་དངོས་གཉེར་དང་དངོས་འབྲས་ཀྱིས་མི་དམངས་ཀྱི་ཡིས་ཆེས་བརྩོན་ལེན་བྱས་པ་རེད།

རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མི་དང་རིམ་པ་སོ་སོའི་ཏང་རྩ་འཛུགས་ཧྲུའུ་ཅི་ཡིས་ཆབ་སྲིད་ཀྱི་འགན་འཁྲི་ནན་འགེལ་དང་དངོས་གཉེར་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། སྔོན་ལ་སློབ་པ་དང་གཏིང་ཟབ་ཏུ་བསླབས་ཏེ་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་གཏིང་ཟབ་ཏུ་སློབ་པ་དང་གོ་བ་ཟབ་མོ་ལེན་པར་སྣེ་ཁྲིད་པ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲའི་དགོངས་དོན་ལ་ངོས་ཟིན་སྔར་ལས་ཟབ་མོ་བླངས་ནས། གནད་དོན་རྩད་གཅོད་དང་གཅིག་བསྡུས་དག་ཐེར་བྱེད་པའི་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་སྔར་ལས་བརྟན་པོར་བཏང་། རྫོང་ཨུས་བཏོན་པའི“རྙོག་དལ་འདེད་རྩུབ་སྟོང་ལོག”བཅས་ཕྱོགས6གི་གནད་དོན་མངོན་གསལ་དང་སྦྲེལ་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཨུའི་གནད་དོན་རྩིས་ཁྲ2ཀྱི་ནང་དུ་བཏོན་པའི་ཕྱོགས28ཀྱི་གནད་དོན་ཇེ་ཞིབ་ཏུ་བཏང་བ་དང་། བྱེད་སྟངས་ཞིབ་ཕྲ་སྤྱད་དེ་ཞིབ་བསྡུར་བྱེད་པ་དང་། རང་སྟེང་དུ་གནས་པའི་གནད་དོན་མངོན་གསལ་ཕྱོགས་ཡོངས་ནས་རྩད་གཅོད་ནན་མོ་བྱེད་པ། སློབ་ཞོར་བསྡུར་ཞོར་དང་རྩད་གཅོད་བྱེད་ཞོར་བྱེད་པ།སློབ་སྦྱོང་དང་བགྲོ་གླེང་དང་གནད་དོན་རྩད་གཅོད་བཅས་སློབ་སྦྱོང་སློབ་གསོའི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱེད་པ་བཅས་ཀྱིས།རྫོང་ཡོངས་ཀྱི་གོང་འོག་ཚང་མའི་བསམ་བློ་གཅིག་གྱུར་དང་གོམ་པ་གཅིག་མཚུངས་ཡོང་བར་ཁག་ཐེག་བྱས།

རྫོང་ཨུས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་སློབ་སྦྱོང་སློབ་གསོའི་གོ་སྐབས་དེ་དམ་འཛིན་བྱས་ཏེ།“རྫོང་རིམ་པའི་མགོ་ཁྲིད་ཀྱིས་འབྲེལ་གཏུག་འགན་ལེན”གྱི་བྱ་བའི་ནང་རྐྱེན་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་།དུས་བཅད་ལྟར་ཞིབ་འཇུག་བརྡར་གཅོད་དང་བརྟག་ཞིབ་ནན་མོ།སྙོམས་སྒྲིག་རྗེས་འདེད་བཅས་བྱས་པ་བརྒྱུད་དེ།རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་གོ་རིམ་ཁྲོད་ཀྱི་དཀའ་གནད་དང་འགག་གནད་དངོས་གནས་ཤར་གཏོང་ཡོང་བར་བྱས།རྫོང་ཡོངས་ཀྱི་མགོ་ཁྲིད་གཙོ་བོས་རུ་ཁག་གི་སྣེ་ཁྲིད་དེ་དངོས་སུ་ལས་ཡུལ་དང་པོར་འགྲོ་བ་དང་།སྡེ་བ་དང་སྡེ་ཁུལ་དུ་སོང་ནས།ཞང་ལྔ་དང་གྲོང་རྡལ་གཅིག་གི་གཞི་རིམ་ཏང་འཛུགས་དང་སྤྱི་ཚོགས་བརྟན་བརླིང་།ཐོན་ལས་འཕེལ་རྒྱས།ལས་གཞི་གལ་ཆེན།ལས་འཕྲོར་ལུས་པའི་བཟོ་འགོད་བཅས་ལ་རྩིས་བཤེར་དག་ཐེར་བྱེད་པ་སོགས་ཀྱི་གཙོ་གནད་བྱ་བར་ཡུལ་དངོས་ནས་བརྟག་དཔྱད་དཔྱིས་ཕྱིན་པ་བྱས་ཏེ།ལངས་གནས་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་གོ་ཆོད།བྱེད་ཤུགས་སྔར་ལས་དྲག་པོ་བཅས་ཀྱིས།གནད་དོན་ལས་ཡུལ་དང་པོ་ནས་ཤེས་པ་དང་སྲིད་ཇུས་ལས་ཡུལ་དང་པོ་ནས་དངོས་འབེབས།གྲུབ་འབྲས་ལས་ཡུལ་དང་པོ་ནས་ཞིབ་བཤེར་བཅས་བྱས་ཏེ།རྫོང་ཁོངས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་གཞི་རིམ་གྱི་རྨང་གཞི་བརྟན་པོ་བཏིངས།ནན་འཛིན་དངོས་བསྒྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ།གནད་དོན་ཅི་ཞིག་ཡོད་ན་དེ་ཐག་གཅོད་བྱེད་པ་དང་།གནད་དོན་གང་ཞིག་མངོན་གསལ་ཡིན་ན་དེ་གཙོ་གནད་དུ་བཟུང་ནས་དག་ཐེར་བྱས་ཏེ།མྱུར་དུ་རྩད་གཅོད་དང་མྱུར་དུ་བཅོས་བསྒྱུར་བྱེད་པ་དང་ཤེས་མ་ཐག་ཏུ་རྩད་གཅོད་དང་ཤེས་མ་ཐག་ཏུ་བཅོས་བསྒྱུར་བྱས།རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གིས་གནད་དོན་ནན་ཏན་གྱིས་རྩད་གཅོད་བྱས་ཏེ།གྲོང་ཁྱེར་གྱི་རྣམ་པ་ཕྱོགས་བསྡུས་བཅོས་སྐྱོང་དང་གཞུང་བསྡུ་གནས་སྤོར་བྱེད་པ་དེ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་སློབ་སྦྱོང་སློབ་གསོའི་རྩད་གཅོད་དག་ཐེར་གྱི་ནང་དོན་དང་པོར་བཞག་པ་དང་།རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པས་མཁར་གྲོང་གི་སྡོད་ཁང་འཛུགས་སྐྲུན་གཞུང་བསྡུ་གནས་སྤོར་དང་གྲོང་ཁྱེར་གྱི་རྣམ་པ་ཕྱོགས་བསྡུས་དག་ཐེར་བྱེད་པའི་བྱ་བའི་ལག་བསྟར་ཇུས་གཞི》ལ་ཞིབ་འཇུག་བྱས་ཏེ་གྲོས་འཆམ་བྱུང་ཞིང་།ཕྱོགས་བསྡུས་བཅོས་སྐྱོང་ཆེད་དམིགས་འཛིན་གྲྭ་བཙུགས་ལ།འགན་འཁྲི་ཁག་བགོ་བྱས་ཏེ་རྫོང་རིམ་པའི་མགོ་ཁྲིད་ཀྱི་འབྲེལ་གཏུག་འགན་ལེན་གྱི་གཞུང་བསྡུ་གནས་སྤོར་འགན་འཁྲིའི་རྩིས་ཐོ་རེའུ་མིག་གཏན་ཁེལ་བྱས་ལ།“ཆེད་མངགས་མི་སྣས་བྱ་བར་བྱེ་བྲག་གིས་སྐུལ་འདེད་གཏོང་བ+འབྲེལ་གཏུག་འགན་ལེན་པའི་མགོ་ཁྲིད་ཀྱིས་སྐུལ་འདེད་གཏིང་ཟབ་གཏོང་བ+ཆེད་དམིགས་འཛིན་གྲྭར་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི”བྱ་བ་སྒྲུབ་སྟངས་བཙུགས་ནས།“སློབ་བརྟག་བསྒྱུར”གསུམ་ལ་གཅིག་གྱུར་སྐུལ་འདེད་གཏོང་བར་མགོ་ལེགས་པོ་རྩོམ་པ་དང་ལམ་ལེགས་པོར་ཁྲིད་དེ་མིག་དཔེ་ལེགས་པོ་སྟོན་རྒྱུ་རེད།།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།