མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཞང་གིས་ཡུལ་སྲོལ་དཔལ་ཡོན་ལ་སྐུལ་འདེད་གཏོང་བ་དམིགས་འབེན་དང་དཔལ་ཡོན་གྲོང་གསེབ་གསར་སྐྲུན་བྱེད་པ་ཐེག་བྱད་དུ་བརྩིས་པ་དང་། གཉེན་སྒྲིག་དང་འདས་མཆོད་རྒྱས་སྤྲོས་བྱེད་པར་འགྲན་པ་དང་དད་ལྡན་མང་ཚོགས་ཀྱིས་ཆོས་སྒྲུབ་འགྲོ་སྒོ་ཆེན་པོ་གཏོང་བ་སོགས་ཀྱི་གོམས་གཤིས་ངན་པའི་གནད་དོན་ཐག་གིས་གཅོད་པ་དེ་ཞིང་སྡེ་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་དུ་བརྩིས་ཏེ། འདས་མཆོད་ཁྱབ་ཁོངས་ཀྱི་སྲོལ་བརྗེ་ལུགས་བསྒྱུར་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་དང་ཟུང་འབྲེལ་བྱེད་པ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་པ་བཅས་ཀྱིས་འདས་མཆོད་ཁྱབ་ཁོངས་ཀྱི་སྲོལ་བརྗེ་ལུགས་བསྒྱུར་གྱི་བྱ་བ་ཏན་ཏིག་གིས་སྤེལ།
རྒྱ་ཆེར་དྲིལ་སྒྲོག་དང་སྐུལ་སློང་བྱས་ཏེ་སྣང་ཚུལ་བཟང་པོ་བསྐྲུན། རྫོང་ཏང་ཨུའི“ཉིས་སྟོང”འགུལ་སྐྱོད་དང་ཟུང་འབྲེལ་སྒོས་ཏང་ཡོན་ལས་བྱེད་པ་དང་། ཞང་དང་སྡེ་བ་རིམ་པའི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱི་དང་བླངས་པ་རྩ་འཛུགས་བྱས་ཏེ་དྲིལ་སྒྲོག་དང་སློབ་གསོ། ཁྲིད་སྟོན་བཅས་རྒྱ་ཆེར་བྱེད་དུ་བཅུག ལམ་ལུགས་ཀྱི་ནང་རྐྱེན་འཐུས་ཚང་དུ་བཏང་ནས་གཉེན་སྒྲིག་དང་འདས་མཆོད་བསྒྲུབ་ཏུ་བཅུག རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཞང་གི་སྲོལ་བརྗེ་ལུགས་བསྒྱུར་ལ་བརྟེན་ནས་དཔལ་ཡོན་ཡུལ་སྲོལ་མཐོར་འདེགས་ཀྱི་ལག་བསྟར་ཇུས་གཞི་གཞིར་བཟུང་སྟེ། སྡེ་བ་དང་དགོན་པ་སོ་སོས་དོན་དངོས་དང་ཟུང་འབྲེལ་སྒོས《སྡེ་སྲོལ་དམངས་ཆིངས》སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏན་འབེབས་བྱས། འདས་མཆོད་བསྒྱུར་བཅོས་ཐད་ཀྱི་བྱེ་བྲག་གི་བླང་བྱ་དེའི་ནང་དུ་བཀོད་ནས། རྒྱ་ཆེའི་མང་ཚོགས་ཀྱི་འདས་མཆོད་ལས་རྒན་གསོ་གཙོ་བའི་འདུ་ཤེས་གསར་པ་བཅངས་པ་དང་དཔལ་ཡོན་འདས་མཆོད་སྒྲུབ་པའི་ཡུལ་སྲོལ་གསར་པ་དར་བར་སྣེ་ཁྲིད་བྱས། ལམ་ལུགས་ནང་རྐྱེན་རབ་དང་རིམ་པ་གཏན་འབེབས་བྱེད་པ་དང་དྲིལ་སྒྲོག་སློབ་གསོ་གཏོང་བ་བརྒྱུད་ནས། འདས་མཆོད་སྒྲུབ་པའི་ཁྲོད་དུ་ཆུད་ཟོས་རྒྱ་ཆེར་བྱེད་པའི་སྣང་ཚུལ་མངོན་གསལ་གྱིས་ཇེ་ཉུང་དུ་སོང་བ་དང་། མང་ཚོགས་ཀྱི་འདས་མཆོད་བཅོས་བསྒྱུར་གྱི་ལྟ་ཚུལ་ལ་འགྱུར་ལྡོག་མངོན་གསལ་བྱུང་།
གཞུག་ཕྱོགས་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཞང་གིས་འདས་མཆོད་ཁྱབ་ཁོངས་ཀྱི་སྲོལ་བརྗེ་ལུགས་བསྒྱུར་གྱི་དྲིལ་སྒྲོག་སྣེ་ཁྲིད་བྱ་བར་བསྟུད་མར་ཤུགས་བསྣན་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་འབྲོག་པ་མང་ཚོགས་ཀྱི་བསམ་བློ་ལྟ་བ་འགྱུར་བར་སྣེ་ཁྲིད་དེ་སྲོལ་ངན་སྲོལ་རྙིང་མེད་པར་གཏོང་བ་དང་། གོམས་སྲོལ་མི་ལེགས་པ་བཀག་འགོག་བྱེད་པ། ཞང་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱེད་པ། སྤྱི་ཚོགས་ཡོངས་སུ་འཆམ་མཐུན་གྱི་དམངས་སྲོལ་དང་དཔལ་ཡོན་གྱི་སྲོལ་གསར། སྤྱི་ཚོགས་ཀྱི་སྲོལ་བཟང་བཅས་ཀྱི་སྣང་ཚུལ་བཟང་པོ་བསྐྲུན་པ། སྤྱི་ཚོགས་ཀྱི་དར་སྲོལ་དགེ་ཕྱོགས་ལེགས་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་བ། གཞི་རིམ་འབྲོག་ཁུལ་གྱི་སྤྱི་ཚོགས་དོ་དམ་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཉིས་སྤྱི་ཚོགས་དང་མཉམ་དུ་མཐུན་སྦྱོར་ཡོང་བར་སྔར་བས་ལེགས་པོར་ཡར་སྐུལ་བྱེད་པ་བཅས་ཀྱིས་གྲོང་གསེབ་དར་སྤེལ་ལ་དཔལ་ཡོན་གྱི་སྟོབས་ཤུགས་སྩོལ་རྒྱུ་རེད། ། །