རྨ་ཆེན་རྫོང་སྡོམ་ཁོག་ཞང་གིས“དཔལ་ཡོན་ལག་ལེན་ང་ཡིས་བགྱིད། སྲོལ་བརྗེ་ལུགས་བསྒྱུར་ང་ཡིས་བྱེད”ཅེས་པའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྲོལ་བརྗེ་ལུགས་བསྒྱུར་གྱི་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་བ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཆེད། ཟླ4པའི་ཚེས24ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྡོམ་ཁོག་ཞང་གིས་རྩ་འཛུགས་བྱས་ནས་སྲོལ་བརྗེ་ལུགས་བསྒྱུར་རམ་མི་རིགས་ཆོས་ལུགས་སྲིད་ཇུས་སྒྲོག་འགྲེལ་ཚོགས་ཆེན་བསྡུས། ཞང་ཡོངས་ཀྱི་སྡེ་བ་གཉིས་དང་ཧྲེ་བརྒྱད་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་འཐུས་མི་སོགས་བསྡོམས་པས་མི60ལྷག་སྒྲོག་འགྲེལ་ལ་ཞུགས་ཤིང་། བྱ་འགུལ་ལ་ཚུར་སྣང་ལེགས་པོ་བྱུང་།  སྒྲོག་འགྲེལ་མི་སྣས་གཙོ་བོ་གྲོང་གསེབ་དར་སྤེལ་དང་མི་རིགས་མཐུན་སྒྲིལ། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། ཤི་དུས་འདས་མཆོད་ལས་གསོན་དུས་གསོ་བ་གཙོ་བོའི་འདུ་ཤེས་བཅངས་པ་དང་དཔལ་ཡོན་གྲོན་ཆུང་གི་འདས་མཆོད་སྒྲུབ་སྟངས། བདེ་འཇགས་དཔལ་ཡོན་གྱི་མཆོད་འབུལ་བྱེད་སྟངས། གྲོན་ཆུང་གིས་འདས་མཆོད་སྒྲུབ་པ་སོགས་ཀྱི་བྱ་བའི་ཕྱོགས་དང་སྲིད་ཇུས་སོ་སོར་དམིགས་ཏེ་གསོན་ཉམས་ལྡན་པའི་འགྲེལ་བཤད་བྱས། དུས་མཚུངས་སུ་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་དོན་དག་དང་འབྲེལ་ནས། གོ་བདེ་ཤེས་སླའི་སྐད་ཆ་སྤྱད་ནས་མི་རིགས་ཆོས་ལུགས་སྲིད་ཇུས་སྒྲོག་འགྲེལ་བྱས། སྒོས་སུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བཅའ་ཁྲིམས》དང《ཆོས་ལུགས་ལས་དོན་སྲོལ་ཡིག》།《བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་བྱེད་ཐབས》སོགས་ཆོས་ལུགས་ཀྱི་ཤེས་བྱ་མ་ལག་ལྡན་པའི་ངང་འགྲེལ་བཤད་བྱས། མང་ཚོགས་ཀྱིས་གོ་སླ་ཞིང་མཉན་པར་སྤྲོ་བ། ཡིད་ལ་འཛིན་ཐུབ་པར་བྱས་ཏེ། རྒྱལ་ཁབ་ལ་དགའ་བ་དང་བཀའ་དྲིན་དྲན་པ་དང་ཁྲིམས་ལུགས་བརྩི་སྲུང་བཅས་བྱས་ཏེ། ཚང་མས་ནན་ཏན་གྱིས“སྡེ་སྲོལ་དམངས་ཆིངས”ཁྲོད་ཀྱི་གཉེན་སྟོན་དང་འདས་མཆོད་སྒྲུབ་པའི་ནང་རྐྱེན་དང་གཉེན་སྟོན་དང་འདས་མཆོད་སྒྲུབ་པའི་ཚད་གཞི་ལྟར་ལག་ལེན་བསྟར་བ་དང་། སྲོལ་བརྗེ་ལུགས་བསྒྱུར་གྱི་སྣེ་འཁྲིད་མཁན་བྱེད་པར་བརྩོན་པ། སྲོལ་བརྗེ་ལུགས་བསྒྱུར་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱེད་པ། སྲོལ་ངན་བསྐྱུར་ནས་སྲོལ་གསར་བསྐྲུན་པ། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་འབད་པས་སྲུང་སྐྱོང་བྱེད་པ། འཆམ་མཐུན་བཟང་ཕྱོགས་ཀྱི་རྣམ་པ་ལེགས་པོ་སྲུང་སྐྱོང་བྱེད་པར་འབོད་སྐུལ་བྱས།  

ལོ་འདི་འགར། རྨ་ཆེན་རྫོང་སྡོམ་ཁོག་ཞང་གིས་རྒྱ་ཆེ་བའི་དད་ལྡན་མང་ཚོགས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་འཛིན་པ་ནི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྨང་གཞིའི་བྱ་བ་ཞིག་ཏུ་བརྩིས་ནས་ཏན་ཏིག་གིས་ལེགས་པོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། བཞུགས་མོལ་ཚོགས་འདུ་འཚོགས་པ་དང་གྲོས་འདོན་ཡི་གེ་བཀྲམ་པ། ཁྱིམ་དུ་སོང་ནས་དྲིལ་སྒྲོག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སྡེ་མིས་རང་འགུལ་ངང་བསམ་བློ་བསྒྱུར་བར་སྣེ་ཁྲིད་བྱེད་པ་དང་། བསམ་བློ་མི་ལེགས་པ་དང་སྲོལ་རྙིང་སྲོལ་ངན་ལེགས་བཅོས་བྱེད་པ། ཆུང་ས་ནས་ཆེ་ཕྱོགས་སུ་མཉམ་ཤུགས་གྲུབ་པར་བྱས་ཏེ། གོམས་སྲོལ་བཟང་ཕྱོགས་དང་ལེགས་ཕྱོགས་སུ་འཕེལ་བར་ཆད་མེད་དུ་སྣེ་ཁྲིད་བྱས། རྗེས་ཕྱོགས། རྨ་ཆེན་རྫོང་སྡོམ་ཁོག་ཞང་གིས་རྒྱུན་མཐུད་ངང་སྲོལ་བརྗེ་ལུགས་བསྒྱུར་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། ཡུལ་བབ་དང་བསྟུན་ནས་བྱ་འགུལ་གྱི་རྣམ་པ་གསར་བཟོ་བྱས་ཏེ། དཔལ་ཡོན་ཡུལ་སྲོལ་གྱིས་མང་ཚོགས་ཀྱི་འཚོ་བར་བག་ཆགས་བཟང་པོ་ཐེབས་སུ་འཇུག་པ་དང་། སྲོལ་བརྗེ་ལུགས་བསྒྱུར་གྱིས་མང་ཚོགས་ཀྱི་སེམས་ཀྱི་ཞིང་ས་བརླན་དུ་འཇུག་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།