— གློག་བརྙན་ཐུང་གྲས《ང་ཡི་དར་ལག ང་ཡི་རུ་དཔོན》དངོས་སུ་ཕབ་སྐྲུན་བྱེད་མགོ་བརྩམས།
གཞི་རིམ་བཅོས་སྐྱོང་ཉམས་མྱོང་གཏིང་ཟབ་སྒོས་བརྒྱུད་སྒྲོག་དང་། དུས་རབས་གསར་པའི་འབྲོག་ཁུལ་བཅོས་སྐྱོང་གི་སྙིང་སྟོབས་ཀྱི་རྩ་བ་རྒྱུན་སྐྱོང་བྱ་ཆེད། ཟླ4པའི་ཚེས23ཉིན། གློག་བརྙན་ཐུང་གྲས《ང་ཡི་དར་ལག ང་ཡི་རུ་དཔོན》ཕབ་སྐྲུན་མཛད་སྒོ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་བརྙན་ཕབ་ཀྱིས་བརྙན་མིག་གི་ལམ་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས“ཧྥེང་ཆའོ་ཉམས་མྱོང”རང་ས་ཅན་དུ་བསྒྱུར་པའི་ལག་ལེན་རྒྱུགས་ལན་ཕུལ་ཏེ། མཐོ་སྒང་ན་རྐང་བཙུགས་པའི་གཞི་རིམ་བཅོས་སྐྱོང་ལས་སྒྲུབ་པར་གུས་འདུད་ཞུས་པ་རེད།
ཏང་གི་འཛུགས་སྐྲུན་གྱིས་སྣེ་ཁྲིད་དང་། མཐོ་སྒང་འབྲོག་ཁུལ་བཅོས་སྐྱོང་གི་རྣམ་པ་གསར་པ་འཛུགས་སྐྱོང་བྱས། དར་ལག་རྫོང་ནི་གཙང་གསུམ་འབྱུང་ཡུལ་གྱི་དཀྱིལ་དབུས་ཆ་སྙོམས་མཚོ་འཕགས་སྨི4200ལས་བརྒལ་བའི་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་ན་སྲོལ་རྒྱུན་འབྲོག་ལས་གཉེར་བཞིན་ཡོད་ལ། ཏང་གི་འཛུགས་སྐྲུན་གྱིས་སྣེ་ཁྲིད་དང་། “ཧྥེང་ཆའོ་ཉམས་མྱོང”རང་ས་ཅན་གྱི་ལག་ལེན་གཏིང་ཟབ་བྱས་པ་དང་། “རུ་དཔོན་ལམ་ལུགས”བཅོས་སྐྱོང་མ་ལག་གསར་བསྐྲུན་འཛུགས་སྐྱོང་བྱས་པ་དང་། རྫོང་ཡོངས་འགུལ་རྣམ་དོ་དམ་ཁུལ457ལ་བགོས་པ་དང་། རུ་དཔོན1457སྲིད་ཇུས་དྲིལ་སྒྲོག་གི“སྐྱ་དམག”དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི“སོ་སྲུང་བ”དང་། འགལ་ཟླ་འདུམ་འགྲིག་གི“གཟུ་བ”དང་། དམངས་བདེ་ཞབས་ཞུ་ཡི“ཞབས་ཞུ་བ”སོགས“རྣམ་པ་བཅུ”ཡི་ནུས་པ་འདོན་བཞིན་ཡོད་པས། རྩྭ་ཐང་ཡོངས་དུ་ཁེབས་པའི་ཞིབ་ཕྲའི་བཅོས་སྐྱོང་དྲ་མིག་གྲུབ་ཡོད། རྫོང་ཨུའི་ཧྲུའུ་ཅི་ནས་ཏང་ཡོན་ཕལ་བ། རྩྭ་ཐང་བདག་སྐྱོང་པ་ནས་མི་དམངས་འདུམ་འགྲིག་པ། ལས་རྐང་མི་གཅིག་པའི“དྲ་མིག་དབང་རྩ”ཡིས་གོམ་འགྲོས་ཀྱིས་ས་གཞི་འཇལ་བ་དང་། བརྩེ་བ་ཟབ་མོས་མི་དམངས་ལ་ཞབས་འདེགས་ཞུས་ཏེ། བཅོས་སྐྱོང་ཕྱོགས་སོ་སོར་ཁྱབ་པར་བྱས། བརྙན་མིག་ལས་གཏམ་རྒྱུད་བརྗོད་ནས་གཞི་རིམ་བཅོས་སྐྱོང་གི་དུས་རབས་རྒྱུགས་ལན་སྤྲད་པ། 《ང་ཡི་དར་ལག ང་ཡི་རུ་དཔོན》གྱིས་གཞི་རིམ་རུ་དཔོན་གྱི་དོན་དངོས་གཏམ་རྒྱུད་དམིགས་སུ་བཟུང་སྟེ། གསོན་ཉམ་ལྡན་པའི་སྒོ་ནས་གཞི་རིམ་བཅོས་སྐྱོང་གི“བསམ་པའི་རྩེ་མོ”དང་ཏང་དང་མང་ཚོགས་ཀྱི་འབྲེལ་བའི“བརྩེ་བའི་སྦྲེལ་ཐག”གི་གནད་འགག་ནུས་པ་ཐོན་ཡོད། གློག་བརྙན་གྱིས་མཐོ་སྒང་གི་སྲིད་ཁྲིམས་རུ་དཔུང་གི་འགན་འཁྲི་ཕྲག་འཁུར་དང“ལྔ་བཅོས་མཉམ་འདྲེས”ཀྱི་བཅོས་སྐྱོང་མ་ལག་གི་གསོན་ཤུགས་དང་འབྲོག་ཁུལ་མང་ཚོགས་ཀྱི་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་ཀྱི་འཆམ་མཐུན་རི་མོ་མཚོན་ཡོད། ཐེངས་འདིའི་གསར་རྩོམ་ནི་གཞི་རིམ་བཅོས་སྐྱོང་གསར་གཏོད་ལག་ལེན་གྱི་བརྙན་རིས་ཟིན་ཐོ་ཡིན་པ་མ་ཟད། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐོ་སྒང་ནས་འཕེལ་རྒྱས་བྱུང་བའི་སྒྱུ་རྩལ་གྱི་གསལ་འགྲེལ་ཡང་ཡིན། བསམ་བློ་རྒྱ་ཆེ་བ་དང་བརྩེ་བས་ཁེངས་པ། སྒྱུ་རྩལ་མཐོ་གནས་ཟིན་པའི་བཅས་ཀྱི་བརྩམས་ཆོས་ལེགས་པོ་ཞིག་འགྲུབ་པར་བརྩོན་པ་བྱས་ཏེ། རྒྱལ་ཡོངས་ལ་གངས་ལྗོངས་མཐོ་སྒང་གི་གཞི་རིམ་བཅོས་སྐྱོང་གི་དུས་རབས་རིན་ཐང་མངོན་རྒྱུ་རེད། །