གཅན་ཚ་རྫོང་ཆུ་བེད་ཅུས་ཀྱིས་ཧུར་ཐག་གིས་བྲུབ་སྔོན་གྱི་མངོན་མེད་རྐྱེན་གན་གྲལ་བཤེར་བྱས་ཏེ། ནུས་ཤུགས་ཡོད་རྒུས་བྲུབ་འགོག་གི“བདེ་འཇགས་དྲ་བ”བརྟན་པོར་བསྐྲུན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

བྲུབ་དུས་སླེབས་ལ་ཉེ་སྐབས། 2025ལོའི་ཆུ་ལོག་དང་ཐན་པའི་གནོད་འཚེ་སྔོན་འགོག་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཆུ་ལོག་གནོད་པར་ནུས་ལྡན་གྱིས་སྔོན་འགོག་དང་གདོང་ལེན་བྱས་ཏེ། རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་ཆེད་དུ། ཉེ་ཆར། གཅན་ཚ་རྫོང་ཆུ་བེད་ཅུས་ཀྱིས་ཆེད་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ་མངའ་ཁུལ་གྱི་ཆུ་མཛོད་དང་ཆུ་རྐ། ཆུ་རགས། རི་ཉིལ་དང་ཆུ་ལོག་གནོད་འཚེའི་ཉེན་བརྡའི་སྒྲིག་ཆས་འཛུགས་གནས། འཛུགས་སྐྲུན་བྱེད་སྒང་གི་ཆུ་བེད་བཟོ་འགོད་སོགས་ཀྱི་གནས་གཙོ་བོ་དང་ལྷུ་ཚིགས་གལ་ཆེན་ཁག་ཏུ་གྲལ་བཤེར་མ་ལུས་པར་བྱས། 

     གྲལ་བཤེར་གྱི་བརྒྱུད་རིམ་ཁྲོད། ལས་དོན་མི་སྣས་གཟབ་ནན་གྱིས་འབྲེལ་ཡོད་ཚད་གཞི་ལྟར། ཆུ་བེད་སྒྲིག་ཆས་འཁོར་སྐྱོད་ཀྱི་གནས་ཚུལ་དང་། བདེ་འཇགས་ནུས་པ། ཞིག་གསོ་དོ་དམ་སོགས་ལ་ཁྱོན་ཡོངས་ནས་ཞིབ་ཚགས་ཀྱིས་ཞིབ་བཤེར་བྱས་ཡོད་དེ། གཅིག་ནས་ཆུ་མཛོད་དང་ཆུ་རགས་ལ་གས་ཁ་ཡོད་མེད་དང་ཆུ་ཚོགས་མིན་སོགས་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་། ཆུ་ལམ་ཁེགས་ཡོད་མེད། གཅུས་སྒོ་དང་གཏན་སྒོའི་སྒྲིག་ཆས་འཁོར་སྐྱོད་རྒྱུན་ལྡན་ཡིན་མིན། ཆུ་མཛོད་ཀྱི་ཆུ་གནས་ལྟ་ཞིབ་ཚད་ལེན་དང་ཉེན་བརྡའི་མ་ལག་ཡང་དག་ཡིན་མིན་སོགས་ལ་ཞིབ་བཤེར་བྱས་པ་དང་། གཉིས་ནས་ཆུ་རྐ་དང་ཆུ་རགས་ཁེགས་པའམ་རྡིབ་པ་སོགས་ཀྱི་གནས་ཚུལ་ཡོད་མེད་དང་། རགས་ཁ་ཤོར་བའམ་རྨང་བརྟན་མིན་སོགས་ཀྱི་གནད་དོན་ལ་ལྟ་ཞིབ་བྱས་ལ། གསུམ་ནས་ཆུ་སྒོའི་ཆུ་འགོག་སྒྲིག་ཆས་དང་གཅུས་སྒོ་འབྱེད་ཟུམ་གྱི་གནས་ཚུལ། གོང་ཞོལ་མཐུད་མཚམས་ཀྱི་བདེ་འཇགས་གནས་ཚུལ་བཅས་ལ་ཞིབ་བཤེར་བྱས། བཞི་ནས་རི་ཉིལ་དང་ཆུ་ལོག་གནོད་འཚེའི་ཉེན་བརྡའི་སྒྲིག་ཆས་ལ་ཞིབ་བཤེར་བྱས་ཏེ། སྒྲིག་ཆས་རེ་རེའི་འཁོར་སྐྱོད་ལ་བརྟག་ཅིང་།  ཉེན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་སྤེལ་ཐུབ་པར་ཁག་ཐེག་བྱས། ལྔ་ནས་གསར་དུ་བསྐྲུན་པ་དང་བསྐྲུན་འགྱུར་གྱི་ཆུ་བེད་རྣམ་གྲངས་ཀྱི་བྲུབ་འགོག་ཇུས་གཞི་དང་བྲེལ་བསྟུན་སྔོན་དཔེ། ཨར་སྐྲུན་བདེ་འཇགས་བྱ་ཐབས་སོགས་ལ་ནན་བཤེར་བྱས་ནས། ཨར་སྐྲུན་ལས་ཁུངས་ཀྱིས་བྲུབ་འགོག་འགན་འཁྲི་དངོས་གནས་ལག་བསྟར་དོན་འཁྱོལ་བྱེད་པའི་བླང་བྱ་བཏོན་ཏེ། བཟོ་འགོད་བདེ་འཇགས་ཐད་ཀྱི་བྲུབ་འགོག་ལ་ཁག་ཐེག་བྱས།

ཐེངས་འདིར་ཁྱོན་སྡོམ་གསར་དུ་བསྐྲུན་པ་དང་བསྐྲུན་འགྱུར་གྱི་ཆུ་བེད་བཟོ་འགོད་ཀྱི་རྣམ་གྲངས15དང་། ཆུ་གློག་ས་ཚིགས10 ཆུ་ཤུར7བཅས་ལ་གྲལ་བཤེར་བྱས་ལ། བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གནས་ས10རྙེད་ཅིང་ཚང་མ་དག་ཐེར་བཅོས་སྐྱོང་ལེགས་འགྲུབ་བྱུང་། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།