མཚོ་སྔོན་མཚོ་བྱང་གིས་ཧྲན་ཏུང་གི་མཚོ་སྔོན་ལ་རོགས་སྐྱོར་བྱས་ནས་མདོ་ལའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན། གསར་འགོད་པས་ཧྲན་ཏུང་ཞིང་ཆེན་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2013ལོ་ནས་བཟུང་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་འཛུགས་སྐྲུན་རོགས་སྐྱོར་མ་དངུལ་སྒོར་བསྡོམས་པའི་དུང་ཕྱུར4.6ལྷག་བཏང་བ་དང་། འཛུགས་སྐྲུན་རོགས་སྐྱོར་ལས་གཞི59ལག་བསྟར་བྱས་པ། ལས་བྱེད་པ་དང་མཉེན་གཤིས་ཤེས་ལྡན་མི་སྣ་ཁག་མང་པོ་མངགས་པ། རོགས་སྐྱོར་ཁྱབ་ཁོངས་ལ་ཐོན་ལས་དང་། སྨན་བཅོས། སློབ་གསོ་སོགས་ཚུད་པས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། མདོ་ལ་རྫོང་གི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད། པིན་ཀྲོའུ་གྲོང་ཁྱེར་གྱིས་སྒོར་ཁྲི2880བཏང་ནས་སློབ་གྲྭ་མང་པོ་བསྐྲུན་པ་མ་ཟད། དཔེ་མཛོད་ཁང་གི་ལེ་ལག་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་མ་ཟད། ད་དུང་ཕྱོགས་ཁག་ལ་མཐུན་སྦྱོར་བྱས་ནས་རིན་ཐང་སྒོར་ཁྲི་བརྒྱ་ལས་བརྒལ་བའི་སློབ་ཁྲིད་སྒྲིག་ཆས་དང་དཔེ་དེབ་ཞལ་འདེབས་སུ་ཕུལ། དེ་དང་ཆབས་ཅིག“ཞིན་རིན”ཞེས་པའི་སློབ་མའི་ལས་གཞི་ལག་བསྟར་བྱས་ནས་སེམས་ཁམས་བདེ་ཐང་གི་བྱ་བའི་མ་ལག་བཙུགས། གཞན་ཡང་པིན་ཀྲོའུ་གྲོང་ཁྱེར་གྱིས་རོགས་སྐྱོར་བྱས་ནས་བསྐྲུན་པའི་མདོ་ལ་རྫོང་དཔེ་མཛོད་ཁང་ནང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པིའ་དགེ་རྒན་གྱིས་རང་འགུལ་ངང་དང་བླངས་ཞབས་ཞུའི་ལས་གནས་བཙུགས་ནས་གཟའ་མཇུག་སྤྱད་དེ“གཟའ་མཇུག་ཏུ་མི་གསར་སྲུང་སྐྱེལ་གསོ་སྐྱོང་བྱེད་པའི”བྱེད་སྒོ་སྤེལ་བ་དང་། བྱེད་སྒོའི་ནང་སློབ་གསོའི་རོགས་སྐྱོར་དང་། འཚོ་བའི་འཆར་འགོད་མཛུབ་ཁྲིད། སེམས་ཁམས་བདེ་ཐང་ཟུར་ཁྲིད། སློབ་རྗེས་ཞབས་ཞུ་བཅས་དོན་ནང་ཚུད་ཡོད། སློབ་གསོའི་མཉམ་ལས་ཐད་ས་གནས་གཉིས་ཀྱིས་ཧྲན་ཏུང་ཞིང་ཆེན་གྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སློབ་ཞིབ་སྤེལ་རེས་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ཡོད། མདོ་ལ་རྫོང་གི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང39དང་པིན་ཀྲོའུ་གྲོང་ཁྱེར་གྱི་སློབ་གྲྭ40གིས“དུས་མཉམ་བཞིའི”ཞིབ་འཇུག་སློབ་ཚན་བྱེད་སྟངས་མངོན་འགྱུར་བྱུང་བ་དང་། སློབ་གྲྭ་འབྲིང་ཆུང12པིན་ཀྲོའུ་གྲོང་ཁྱེར་གྱི་སྤུས་ལེགས་སློབ་གྲྭ་དང་ཟུང་འབྲེལ་བྱས་ནས་མི་ཐེངས300ལྷག་པིན་ཀྲོའུ་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ། ཧྲན་ཏུང་ཞིང་ཆེན་གྱི་མི་ཐེངས་260ལྷག་མདོ་ལ་རྫོང་དུ་གསོ་སྦྱོང་དང་སྤེལ་རེས་བྱེད་པར་སོང་པ། པིན་ཀྲོའུ་གྲོང་ཁྱེར་གྱིས་རོགས་སྐྱོར་བྱས་པའི“ནང་ཁུལ་མཐོ་རིམ་འཛིན་གྲྭའི”གྲུབ་འབྲས་གཟེངས་སུ་ཐོན་པ་དང་། ལོ་མང་བསྟུད་མར་དྲ་ཐོག་ཏུ་ཞུགས་ཚད་མཐོ་བ་རྒྱུན་འཁྱོངས་བྱས་ནས་སློབ་མ་མང་པོ་ཞིག་སློབ་གྲྭ་གྲགས་ཅན་དུ་བསྡུས།

ལོ་མང་རིང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་དཀའ་ངལ་མང་པོ་ཁྱད་བསད་དང་། མཚོ་སྔོན་ལ་རོགས་སྐྱོར་གྱི་སྙིང་སྟོབས་ལག་ལེན་བསྟར་བ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ། མདོ་ལ་རི་བོའི་འོག་ཏུ་དྲོ་སྐྱིད་དང་ཡིད་དབང་འཕྲོག་པའི་སློབ་གསོའི་མཚོ་སྔོན་རོགས་སྐྱོར་གྱི་ལེའུ་བྲིས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།