ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4ཚེས15ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། རང་ཞིང་གི་ལག་བསྟར་བསམ་ཚུལ་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཉེ་འཁོར་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་བའི་ཚུན་གྱི་རང་རྒྱལ་གྱི་ཉེ་འཁོར་བྱ་བས་བླངས་པའི་ལོ་རྒྱུས་རིང་བཞིན་གྱི་གྲུབ་འབྲས་དང་ཉམས་མྱོང་གལ་ཆེན་མ་ལག་ལྡན་པའི་སྒོ་ནས་སྤྱི་བསྡོམས་གནང་ཡོད་ཅིང་། གནས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་པ་དང་། རྗེས་ཕྱོགས་དུས་སྐབས་ཤིག་གི་ཉེ་འཁོར་བྱ་བའི་དམིགས་འབེན་ལས་འགན་དང་། བསམ་ཕྱོགས་བྱེད་ཐབས་གཏན་འཁེལ་གནང་ཡོད་པས། ཆབ་སྲིད་རང་བཞིན་དང་། བསམ་བློ་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཤུགས་དྲག་ལྡན་པར་བྱས་ཡོད། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཉེ་འཁོར་བྱ་བའི་འགན་འཁྲི་ཁུར་སེམས་དང་འོས་འགན་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། མཚོ་སྔོན་གྱི་ཉེ་འཁོར་ལ་ཁ་ཕྱོགས་པའི་ས་ཁུལ་དང་མིའི་བར་གྱི་འབྲེལ་བའི་ཁྱད་སྟོབས་སྔོག་འདོན་བྱེད་པ། ཉེ་འཁོར་རྒྱལ་ཁབ་བར་གྱི་དག་གཙང་ནུས་ཁུངས་དང་། ལྗང་མདོག་རྩིས་ནུས། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དོན་དངོས་འགུལ་སྐྱོད་དང་ཁག་ཁུར་ལ་བརྟེན་ནས་རྒྱལ་ཁབ་ཉེ་འཁོར་གྱི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་ཞེས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཤུགས་དྲག་ཏུ་བཏང་ནས་འགན་འཁྲིའི་ལམ་ལུགས་དམ་འཛིན་ནན་མོ་བྱེད་དགོས་ལ། ཆུ་ཚད་མཐོ་བའི་ལྟ་སྐུལ་ཞིབ་བཤེར་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཇེ་དམ་དང་ཇེ་ནན་དུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁྱབ་ཁོངས་སུ་གནས་པའི་འབུར་ཐོན་གནད་དོན་ལ་དམིགས་ཏེ། ལྟ་སྐུལ་ཞིབ་བཤེར་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ལྟ་ཞིབ་ལས་རྙེད་པའི་གནད་དོན་དག་ཐེར་བྱ་བར་ཤུགས་བསྣན་ནས། མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱ་བས་རྒྱུན་ཆད་མེད་པར་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བ་ལོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་ལ་ཞུགས་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་ལས། ང་ཚོར་རྒྱལ་ཁོངས་ལྗང་སྒྱུར་ལས་དོན་སྔར་ལས་ལྷག་པར་སྤེལ་བའི་ཐད་ནས་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་གནང་ཞིང་། གཞི་རྩའི་བསྲུང་བྱ་འདོན་སྤྲོད་གནང་ཡོད། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། ལྗང་གསུམ་མཉམ་སྤེལ་བྱ་བ་རྒྱུན་འཁྱོངས་དང་། མཛོད་བཞི་མཉམ་སྒུལ་བྱ་བར་སྐུལ་འདེད་གཏོང་བ། སྤུས་འདེགས་དང་ལས་སྤེལ། དམངས་ཕན་བཅས་ལ་སྔར་ལས་དོ་སྣང་ཟབ་མོ་བྱས་ཏེ། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོར་འདིང་དགོས། མ་ལག་བཅོས་སྐྱོང་ལ་ཤུགས་སྣོན་པ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་། བརླན་ས། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱ་བར་གཅིག་འདོམས་བྱས་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར་འཐབ་ཇུས་ཡག་པོར་སྤེལ་དགོས། སྐྱེ་ཁམས་ཀྱིས་མི་དམངས་ཕྱུག་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་རྒྱ་བསྐྱེད་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་ནས་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་སྐབས་བཅུ་གཉིས་པའི་ཀྲུང་དབྱང་གིས་ཞིང་ཆེན་དང་གྲོང་ཁྱེར་ལ་སྐོར་ཞིབ་བྱེད་པའི་སྐུལ་སློང་གྲོས་ཚོགས་ཀྱི་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་མཐོ་ཚད་ལ་བརྟེན་ནས། ཆབ་སྲིད་ལྟ་སྐུལ་གྱི་ངེས་གནས་བརྟན་སྲུང་བྱེད་པ་དང་། སྐོར་ཞིབ་ལྟ་སྐུལ་གྱི་གཙོ་གནད་ཁོང་དུ་ཡང་དག་པར་བྱེད་པ། སྐོར་ཞིབ་བྱ་བའི་གནད་ཁེལ་རང་བཞིན་དང་ཕན་འབྲས་རང་བཞིན་རྒྱུན་མཐུད་ངང་ཇེ་མཐོར་གཏོང་བ། སྐོར་ཞིབ་དང་ལྟ་སྐུལ་གྱི་ལས་དོན་གཞན་པ་མཐུན་སྦྱོར་བྱེད་པར་ཤུགས་སྣོན་དང་། སྐོར་ཞིབ་ལས་རྙེད་པའི་གནད་དོན་དག་ཐེར་བྱ་བ་ནན་སྡོམ་ནན་འཛིན་བྱས་ཏེ། སྤུས་ཚད་མཐོ་བའི་སྐོར་ཞིབ་སྐོར་བཤེར་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་འདས་པའི་ལོ་གཅིག་གི་ནང་དུ། རང་ཞིང་གི་དྲ་འཕྲིན་བྱ་བས་གྲུབ་འབྲས་མངོན་གསལ་བླངས་ཏེ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ལ་ཞབས་འདེགས་དང་འགན་སྲུང་ནུས་ལྡན་བྱས་ཡོད། གཞི་གཅིག་ཅན་གྱི་དྲ་རྒྱའི་འཕྲལ་བསྟུན་བཀོད་འདོམས་མ་ལག་མྱུར་དུ་འཛུགས་གྲུབ་བྱས་ཏེ། དྲ་རྒྱ་བཅོས་སྐྱོང་དང་དྲ་རྒྱ་བཀོལ་སྤྱོད། དྲ་རྒྱའི་བྱེད་ནུས་བཅས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་དང་། དག་གཙང་གི་དྲ་རྒྱའི་བར་སྟོང་བསྐྲུན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་དྲ་འཕྲིན་གྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱ་དགོས་ཞེས་བསྟན།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།