མཚོ་སྔོན་ཞིང་ཆེན་དུ་འཛད་སྤྱོད་ཁྱབ་ཁོངས་ཀྱི་འཕོ་འགྱུར་ཞིག་རིམ་བཞིན་ཐོན་བཞིན་ཡོད།རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པ་དེ་དཔྱིད་རླུང་ཞིག་དང་འདྲ་བར་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ནས་འཛད་སྤྱོད་ཁྲོམ་རའི་དཔྱིད་ཆུ་ཞིག་འཕེལ་བར་བྱས་ཡོད།དེ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐུལ་འདེད་འཕྲུལ་ཆས་ཤིག་ཡིན་པ་མ་ཟད།དམངས་འཚོ་ལེགས་སུ་གཏོང་བ་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཀྱང་རེད།དཔྱིད་ཀ་དེར་འཁྲུག་ཆ་དོད་པའི་གྲོང་ཁྱེར་གྱི་ཚོང་ཁང་ནས་ལྷིང་འཇགས་འཆམ་མཐུན་གྱི་གྲོང་གསེབ་ཀྱི་ཕྱོགས་སུ་རྙིང་པ་བརྗེ་བའི་སྲིད་ཇུས་གསར་པ་རྒྱུན་ཆད་མེད་པར་ཁྱབ་ནས་ས་གནས་ཁག་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་སྦྱིན་བཞིན་ཡོད།
སྲིད་ཇུས་ཀྱི་ཤར་རླུང་གིས་འཛད་སྤྱོད་ཁྲོམ་རར་དྲོ་རུ་ཕྱིན་པ།
2024ལོར“རྙིང་ཚབ་གསར་བརྗེ”ཞེས་པའི་ཐ་སྙད་དེ་མཚོ་སྔོན་གྱི་འཛད་སྤྱོད་པའི་ཁ་ནས་ཡང་ཡང་ཐོན་ནས་སྲིད་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།སྲིད་ཇུས་ཀྱི་སྐུལ་འདེད་ཤུགས་ཆེན་འོག་ཞིང་ཆེན་ཡོངས་ཀྱི་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་རིགས་ཀྱི་སིལ་ཚོང་བྱེད་ཚད་མགྱོགས་མྱུར་འཕར་ཡོད།འདི་ལོ་ནས་བཟུང་མཚོ་སྔོན་གྱིས་སླར་ཡང《མཚོ་སྔོན་ཞིང་ཆེན་གྱིས་2025ལོར་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་སྲིད་ཇུས་གསར་པ་ལག་བསྟར་བྱ་རྒྱུའི་བརྡ་ཐོ》དང《མཚོ་སྔོན་ཞིང་ཆེན་གྱིས་2025ལོའི་ཚོང་དོན་ཁྱབ་ཁོངས་སུ་འཛད་སྤྱོད་དངོས་རྫས་རྒྱ་ཁྱབ་ཏུ་བཏང་ནས་རྙིང་ཚབ་གསར་བརྗེ་བྱེད་པའི་ལག་བསྟར་ཞིབ་སྲོལ》སྔ་རྗེས་སུ་བཏོན་ནས་སྲིད་ཇུས་ལག་བསྟར་དུས་བཀག་དང་།ཁ་གསབ་ཁྱབ་ཁོངས།ཚད་གཞི་བཅས་སྔར་བས་ཁ་གསལ་བཟོས་ཏེ་འཛད་སྤྱོད་པར་ཕན་པ་དེ་བས་མང་བ་ཐོབ་ཡོད་པ་རེད།
ཟི་ལིང་གྲོང་ཁྱེར་གྱི་མིང་ཀྲང་སྐུ་ཞབས་ནི་སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་གྲས་ཤིག་རེད།སྐུ་ཞབས་ཀྲང་ལགས་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ཞིག་བརྗེ་འདོད་ཡོད་མོད།འོན་ཀྱང་རླངས་འཁོར་རྙིང་པའི་རིན་གོང་ཇི་ལྟར་ཐག་གཅོད་དང་རླངས་འཁོར་གསར་པའི་རིན་གོང་ལ་བསམ་བློ་གཏོང་སྐབས་ཐེ་ཚོམ་བྱེད་ཀྱི་ཡོད།“རླངས་འཁོར་རྙིང་པར་དངུལ་མང་པོ་འཚོང་མི་ཐུབ་ལ་རླངས་འཁོར་གསར་པའི་རིན་གོང་ཡང་མཐོ་བས་སྔ་ཕྱི་བར་གསུམ་དུ་ཆོད་སེམས་མེད”ཅེས་སྐུ་ཞབས་ཀྲང་ལགས་ཀྱིས་བཤད།འདི་ལོ་རླངས་འཁོར་བེད་མེད་གསར་སྒྱུར་གྱི་ཁ་གསབ་སྲིད་ཇུས་ཤེས་རྗེས་ཁོང་གིས་འཕྲལ་ཐག་ཆོད་པོས་བྱ་སྤྱོད་སྤེལ་ཞིང་།སྐུ་ཞབས་ཀྲང་ལགས་ཀྱི་རླངས་འཁོར་རྙིང་པ་ནི་རྒྱལ་ཁབ་ཀྱི་འབུད་སྐྱུར་བཞིའི་ཚད་གཞི་ལྟར་འབར་སྣུམ་རླངས་འཁོར་ཡིན་པ་དང་།བེད་མེད་གསར་བརྗེའི་ཁ་གསབ་ཆ་རྐྱེན་དང་མཐུན་ཡོད།ཁོང་གིས་རླངས་འཁོར་རྙིང་པ་བེད་མེད་དུ་བཏང་རྗེས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་《རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་རིགས་དཀར་ཆག་》ནང་བཅུག་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཞིག་ཉོས་པར་ཁ་གསབ་སྒོར་ཁྲི་གཉིས་ཐོབ་པ་རེད།“ཁ་གསབ་སྒོར་ཁྲི་2དེ་དག་གིས་གནོན་ཤུགས་མི་ཉུང་བ་ཞིག་ཆུང་དུ་ཕྱིན་ནས་ང་ལ་དེ་བས་བློ་བདེ་བག་ཕེབས་ཀྱི་རླངས་འཁོར་གསར་པ་ཞིག་ཐོབ་བྱུང”ཅེས་སྐུ་ཞབས་ཀྲང་ལགས་ཀྱིས་དགའ་སྤྲོའི་ངང་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།རླངས་འཁོར་བེད་མེད་གསར་བརྗེའི་ཁ་གསབ་ཐད།མཚོ་སྔོན་གྱིས་ཆ་རྐྱེན་འཛོམས་པའི་རྒྱལ་ཁབ་ཀྱི་འབུད་སྐྱུར་བཞིའི་ཚད་གཞི་ལྟར་འབར་སྣུམ་རླངས་འཁོར་བེད་མེད་གསར་བརྗེའི་ཁ་གསབ་རེ་ཞུ་བྱེད་ཆོག་པའི་རླངས་འཁོར་རྙིང་པའི་ཁྱབ་ཁོངས་སུ་འཇུག་རྒྱུ་རེད།བེད་མེད་དུ་གཏོང་བའི་ཆ་རྐྱེན་འཛོམས་པའི་རླངས་འཁོར་རྙིང་པ་དང་འབྲེལ་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་བའི་ཁ་གསབ་སྒོར་ཁྲི་2ཟིན་པ།བེད་མེད་དུ་གཏོང་བའི་ཆ་རྐྱེན་དང་མཐུན་པའི་འབར་སྣུམ་རླངས་འཁོར་ལ་ཧྲེང་2.0དང་དེ་མན་གྱི་འབུད་ཚད་ཀྱི་འབར་སྣུམ་རླངས་འཁོར་ཉོ་བའི་ཁ་གསབ་སྒོར་ཁྲི་1.5ཡིན་པ་རེད།སྲིད་ཇུས་དེས་རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་ཐེབས་པ་མ་ཟད།ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ཐེབས་ནས་ལྗང་མདོག་ཕྱིར་སྐྱོད་ལ་རམ་འདེགས་བྱས་ཡོད།
མཚོ་སྔོན་གྱིས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པས་འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་།ལྗང་མདོག་ཕྱིར་སྐྱོད་དང་དཔལ་འབྱོར་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད།སླད་ཕྱིན་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་འདོན་སྤེལ་བྱས་ནས་འབྲེལ་ཡོད་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཏེ་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་ཐུབ་རེ་ཡོད་ཅེས་ངོ་སྤྲོད་བྱས།
ཁ་གསབ་སྣ་མང་གིས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱས།
མཚོ་སྔོན་གྱིས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པའི་ནང་རླངས་འཁོར་དང་།ཁྱིམ་སྤྱོད་གློག་ཆས།གྲངས་གཞིའི་ཐོན་རྫས།ཁྱིམ་སྤྱོད་འཛད་སྤྱོད་དངོས་རྫས།ཁྱིམ་སྤྱོད་གྱོན་ཆས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་དང་།ཁ་གསབ་ཀྱི་རིགས་ཕུན་སུམ་ཚོགས་པ་དང་ཚད་གཞི་ཁ་གསལ་ཡིན་པས་འཛད་སྤྱོད་པའི་དགོས་མཁོ་མི་འདྲ་བ་ཕྱོགས་ཡོངས་ནས་སྐོང་ཐུབ་པ་དང་འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འཕེལ་ཡོད།
ཁྱིམ་སྤྱོད་གློག་ཆས་ཁྱབ་ཁོངས་སུ་ཁ་གསབ་སྲིད་ཇུས་སྤེལ་ཤུགས་སྔར་བྱུང་མ་མྱོང་བ་ཞིག་ཡོད།རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་ཁ་གསབ་རིགས་12ཁ་གསལ་བཟོས་པའི་རྨང་གཞིའི་ཐོག་མཚོ་སྔོན་གྱིས་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་རིགས་8ཀྱི་ཁ་གསབ་མང་དུ་བཏང་བ་དང་ཁྱོན་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་རིགས་20ཚང་མར་ཁ་གསབ་སྤྲོད་རྒྱུ་རེད།ཟི་ལིང་གི་གྲོང་མི་མཁྱེན་ལྡན་མ་ལི་ལགས་ཀྱིས་ཉེ་ཆར་ཁང་པ་གསར་པར་མཛེས་བཟོ་བྱས་ནས་ཁྱིམ་སྤྱོད་གློག་ཆས་ཉོ་རྩིས་ཡོད།“ངའི་ཁྱིམ་དུ་འཁྱགས་སྒམ་དང་།གོས་འཁྲུད་འཕྲུལ་ཆས།བརྙན་འཕྲིན་སོགས་ཁྱིམ་སྤྱོད་གློག་ཆས་མང་པོ་ཉོ་རྒྱུ་ཡིན་པས་སྔོན་རྩིས་མི་འདང་བས་ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེའི་ཁ་གསབ་སྲིད་ཇུས་ཀྱིས་རོགས་རམ་ཆེན་པོ་བྱས་པས།ངས་སེམས་ནང་གི་ཁྱིམ་སྤྱོད་གློག་ཆས་ཉོ་ཐུབ་པ་མ་ཟད།ད་དུང་དངུལ་ཡང་མི་ཉུང་བ་ཞིག་གྲོན་ཆུང་ཐུབ་ཡོད”མཁྱེན་ལྡན་མ་ལི་ལགས་ཀྱིས་ངས་ཉོས་པའི་འཁྱགས་སྒམ་ནི་རིམ་པ་དང་པོའི་ནུས་པའི་ཚད་གཞི་ཡིན་པ་དང་མཐར་ཕྱིར་ཚོང་རིན་གོང་གི་20%ལ་གཞིགས་ནས་ཁ་གསབ་ཐོབ་ཡོད་ཅེས་བཤད།
ཁྱིམ་སྤྱོད་གློག་ཆས་ཀྱི་ཁ་གསབ་ཚད་གཞི་དེ་ནུས་ཕྱོད་དམ་ཡང་ན་ཆུའི་ཕན་འབྲས་ཀྱི་ཚད་གཞི་གཞིར་བཟུང་དབྱེ་རྒྱུ་སྟེ།རིམ་པ་གཉིས་པའི་ནུས་ཕྱོད་དམ་ཡང་ན་ཆུའི་ཕན་འབྲས་ཚད་གཞིའི་ཁ་གསབ་ཀྱི་དོན་དངོས་ཕྱིར་ཚོང་རིན་གོང་གི་15%དང་།རིམ་པ་དང་པོའི་ནུས་ཕྱོད་དམ་ཡང་ན་ཆུའི་ཕན་འབྲས་ཚད་གཞིའི་ཁ་གསབ་ཀྱི་ཕྱིར་ཚོང་རིན་གོང་གི་20%འཛད་སྤྱོད་པའི་རིགས་རེའི་ཐོན་རྫས་རེར་ཁ་གསབ་1(དྲོད་སྙོམས་ཐོན་རྫས་མང་ཤོས་ལ་ཁ་གསབ་སྤྲོད་ཆོག་པ་3)བཅས་ཡིན་པ་དང་།ཁ་གསབ་རེར་སྒོར་2000ལས་བརྒལ་མི་ཆོགནུས་མེད་ཀྱི་ཕན་འབྲས་སམ་ཡང་ན་ཆུའི་ཕན་འབྲས་ཚད་གཞིའི་ཁ་གསབ་ཀྱི་ཕྱིར་ཚོང་རིན་གོང་གི་10%དང་།འཛད་སྤྱོད་པ་རེ་རེར་ཐོན་རྫས་རེར་ཁ་གསབ་རེ་སྤྲོད་ཆོག་པ་དང་།ཁ་གསབ་རེར་སྒོར་1500ལས་མི་བརྒལ་བ་བྱེད་དགོས།2024ལོར་རྒྱལ་ཁབ་ཀྱིས་རྙིང་ཚབ་གསར་བརྗེའི་ཁ་གསབ་གསར་པ་ལོངས་སུ་སྤྱོད་མཁན་མི་སྒེར་གྱི་འཛད་སྤྱོད་པས་2025ལོར་གོང་གསལ་གྱི་རིགས་གཅིག་པའི་ཐོན་རྫས་ཉོས་ནས་མུ་མཐུད་ཁ་གསབ་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།
གྲངས་གཞིའི་ཐོན་རྫས་ཐད་ཁ་གསབ་སྲིད་ཇུས་ལའང་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད།མཚོ་སྔོན་གྱི་མཐོ་སློབ་ག་གེ་མོར་སློབ་ཆེན་ལོ་རིམ་གཉིས་པར་སློབ་སྦྱོང་བྱེད་བཞིན་པའི་ཞའོ་ཝང་ལ་གློག་ཀླད་གསར་པ་ཞིག་དགོས་བསམ་ནས་སློབ་སྦྱོང་དང་རོལ་རྩེད་ལ་སྤྱོད་དགོས་བསམ་གྱི་ཡོད།“ངས་གློག་ཀླད་མང་པོ་ཞིག་ལ་བལྟས་པ་ཡིན།རིན་གོང་ཡང་དམའ་པོ་མིན”ཅེས་ཞའོ་ཝང་གིས་བཤད།གྲངས་གཞིའི་ཐོན་རྫས་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་གསར་པ་ཤེས་རྟོགས་བྱུང་རྗེས་ཞའོ་ཝང་གིས་དངོས་སུ་ཕྱིར་ཚོང་རིན་གོང་སྒོར་4000ཡིན་པའི་ངོས་ལེབ་གློག་ཀླད་ཅིག་ཉོས་པ་དང་ཁ་གསབ་ཀྱི་བསྡུར་ཚད་15%ལྟར་ཁ་གསབ་སྒོར་500ཐོབ་པ་རེད།“ད་ཐེངས་ཀྱི་ཁ་གསབ་དེས་ངོས་ལེབ་གློག་ཀླད་ཀྱི་རིན་གོང་དེ་བས་དངོས་ཕན་ཐོབ་ནས་ངའི་དཔལ་འབྱོར་གྱི་གནོན་ཤུགས་ཆུང་དུ་ཕྱིན་ཡོད”ཞའོ་ཝང་གིས་དགའ་སྤྲོའི་ངང་བཤད།
མི་སྒེར་གྱི་འཛད་སྤྱོད་པས་ཉོས་པའི་ཕྱིར་ཚོང་རིན་གོང་སྒོར་6000ལས་མི་བརྒལ་བའི་ལག་ཐོགས་ཁ་པར་དང་།ངོས་ལེབ(སློབ་སྦྱོང་འཕྲུལ་ཆས་ཚུད)རིག་ནུས་ཆུ་ཚོད།ལག་འཁོར(ཁ་པར་ཆུ་ཚོད་ཚུད་པ)བཅས་གྲངས་གཞིའི་ཐོན་རྫས་རིགས་གསུམ་ལ་མཚོ་སྔོན་གྱིས་ཕྱིར་ཚོང་རིན་གོང་གི་15%གཞིར་བཟུང་ཁ་གསབ་སྤྲོད་རྒྱུ་དང་།འཛད་སྤྱོད་པ་རེར་རིགས་རེའི་ཐོན་རྫས་རེར་ཁ་གསབ་སྤྲོད་རྒྱུ་དང་།ཐེངས་གཅིག་གི་རིན་གོང་སྒོར་500ལས་མི་བརྒལ་བ་བྱ་རྒྱུ་རེད།
མཚོ་སྔོན་གྱིས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པ་དེ་ཁྱིམ་སྤྱོད་གློག་ཆས་དང་གྲངས་གཞིའི་ཐོན་རྫས་ཁྱབ་ཁོངས་སུ་སྣ་མང་གི་ཁ་གསབ་རིགས་དང་ཁ་གསབ་ཚད་གཞི་ཁ་གསལ་ལ་བརྟེན་ནས་མཁྱེན་ལྡན་མ་ལི་དང་ཞའོ་ཝང་ལྟ་བུའི་འཛད་སྤྱོད་པར་ཕན་པ་ཏན་ཏིག་ཐོབ་པ་དང་།དཔལ་འབྱོར་གྱི་ཁུར་པོ་ཡང་དུ་ཕྱིན་པ་མ་ཟད།ཁོང་ཚོའི་སྤུས་ཚད་འཚོ་བ་དང་ནུས་ཆེའི་སློབ་སྦྱོང་རོལ་རྩེད་དོན་གཉེར་བྱེད་པའི་དགོས་མཁོ་བསྐངས་ཡོད་ལ།ཁྱིམ་སྤྱོད་གློག་ཆས་དང་གྲངས་འཛིན་ཐོན་རྫས་ཁྲོམ་རའི་འཛད་སྤྱོད་ཀྱི་གསོན་ཤུགས་ཀྱང་ཆེས་ཆེར་འཕེལ་བ་དང་འཛད་སྤྱོད་ཁྲོམ་ར་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས་ནང་མཁོ་དར་རྒྱས་དང་འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།
སྲིད་ཇུས་ཀྱི་ཁེ་སྤོགས་སྟབས་བདེའི་ངང་རེ་ཞུ་བྱས་པ།
འཛད་སྤྱོད་པས་རྙིང་ཚབ་གསར་བརྗེའི་ཁ་གསབ་སྲིད་ཇུས་གསར་པ་དེ་བས་སྟབས་བདེའི་ངང་ལོངས་སྤྱོད་ཐུབ་པ་བྱ་ཆེད།འཛུགས་སྐྲུན་དངུལ་ཁང་གི་འཚོ་བའི་Appདྲ་ཐོག་གི་རེ་ཞུ་ལེགས་གྲུབ་བྱས་ནས“མཛུབ་མོའི་ཐོག་གི་སྟབས་བདེའི་ཞབས་ཞུའི”མངོན་འགྱུར་བྱུང་ཡོད།
མཚོ་ཤར་གྲོང་ཁྱེར་གྱི་ཁྱིམ་ཆས་ཚོང་ཁང་དུ་གཉེར་སྐྱོང་བྱེད་མཁན་སྐུ་ཞབས་ཀྲའོ་ལགས་ཀྱིས་ཉེ་དུས་སྲིད་ཇུས་དེའི་ཤུགས་རྐྱེན་ཟབ་མོ་ཚོར་བྱུང་།“ཉེ་ཆར་ཚོང་ཤག་མི་ཉུང་བ་ཞིག་གིས་ཁྱིམ་སྤྱོད་འཛད་སྤྱོད་དངོས་རྫས་ཀྱི་ཁ་གསབ་གསར་པ་བརྗེ་བའི་སྲིད་ཇུས་བློ་འདྲི་བྱེད་པར་ཡོང་སྐབས་ཚང་མས་ཁ་གསབ་ལ་དགའ་པོ་བྱེད་པ་མཐོང་གི་ཡོད་མོད།འོན་ཀྱང་རེ་ཞུའི་བརྒྱུད་རིམ་རྙོག་འཛིང་ཆེ་དྲགས་པའི་སེམས་ཁྲལ་བྱེད་ཀྱི་ཡོད”ཅེས་སྐུ་ཞབས་ཀྲའོ་ཡིས་བཤད།འཛུགས་སྐྲུན་དངུལ་ཁང་བརྒྱུད་འཚོ་བ་Appདྲ་ཐོག་ཏུ་རེ་ཞུ་བྱེད་ཆོག་པ་ཤེས་རྗེས་ཚོང་ཤག་གི་སེམས་ཁྲལ་དེ་སྐད་ཅིག་ཉིད་དུ་མེད་པར་བཟོས་ཡོད།ཁྱིམ་ཆས་འདེམས་མཁན་ཞིག་གིས་དགའ་སྤྲོའི་ངང་དྲ་ཐོག་ནས་རེ་ཞུ་བྱེད་ཧ་ཅང་སྟབས་བདེ་ཡིན་པས་སྡེ་ཁག་སོ་སོར་འགྲོ་མི་དགོས་པར་དུས་ཚོད་དང་སེམས་ཤུགས་གྲོན་ཆུང་བྱེད་ཐུབ་པ་ནི་ང་ཚོའི་ཆེད་དུ་ཡིན།སྟབས་བདེའི་རེ་ཞུ་བྱེད་སྟངས་དེ་རིགས་ཀྱིས་འཛད་སྤྱོད་པར་ཕན་པ་ཐོབ་པ་མ་ཟད།ཚོང་པའི་ཕྱིར་ཚོང་ལས་དོན་ལའང་སྟབས་བདེ་བསྐྲུན་ནས་ཁྱིམ་ཚང་ཁྲོམ་རའི་འཛད་སྤྱོད་གསོན་ཤུགས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།
ད་ཐེངས་མཚོ་སྔོན་གྱིས་རྙིང་ཚབ་གསར་བརྗེའི་ཁ་གསབ་སྲིད་ཇུས་ཁྱབ་རྒྱ་ཆེ་ཞིང་།རླངས་འཁོར་བརྗེ་སྒྱུར་དང་།རླངས་འཁོར་གསར་པ་ཉོ་སྒྲུབ།ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེ།གྲངས་འཛིན་ཐོན་རྫས་གསར་ཉོ།ཁྱིམ་ཆས་འཛད་སྤྱོད་དངོས་རྫས་གསར་པར་བརྗེ་བ།ཁྱིམ་ཆས་འཛད་སྤྱོད་དངོས་རྫས་གསར་པར་བརྗེ་བ།ཁྱིམ་ཆས་གསར་པར་བརྗེ་བ།གློག་སྒུལ་རྐང་འཁོར་རྙིང་ཚབ་གསར་བརྗེ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།རེ་ཞུའི་བརྒྱུད་རིམ་ཐད་འཛད་སྤྱོད་པའི་བེད་སྤྱོད་གོམས་གཤིས་ལ་བསམ་གཞིགས་གང་ལེགས་བྱས་ཏེ་དྲ་ཐོག་ནས་རེ་ཞུའི་ཐབས་ལམ་སྣ་མང་མཁོ་འདོན་བྱེད་དགོས།རླངས་འཁོར་བརྗེ་སྒྱུར་གསར་བརྗེ་དང་།རླངས་འཁོར་གསར་པ་ཉོ་སྒྲུབ།ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེ།གྲངས་འཛིན་ཐོན་རྫས་གསར་དུ་ཉོ་སྒྲུབ་བཅས་དང་དེ་བཞིན་གློག་སྒུལ་རྐང་འཁོར་གྱིས་རྙིང་ཚབ་གསར་བརྗེའི་ཁ་གསབ་གསར་པ་སྤྲོད་རྒྱུའི་རེ་ཞུ་བྱས་རིགས་ལ་སྤྲིན་གློག་བརྒྱུད་ནས་Appདྲ་ཐོག་གི་རེ་ཞུ་ལེགས་གྲུབ་བྱེད་དགོས།ཁྱིམ་སྤྱོད་འཛད་སྤྱོད་དངོས་རྫས་གསར་པ་བརྗེ་བ་དང་ཁྱིམ་སྤྱོད་གྱོན་ཆས་ཀྱི་ཁ་གསབ་གསར་པ་རེ་ཞུ་བྱེད་མཁན་ལ་འཛུགས་སྐྲུན་དངུལ་ཁང་གི་འཚོ་བ་Appབརྒྱུད་དྲ་ཐོག་གི་རེ་ཞུ་ལེགས་གྲུབ་བྱེད་ཆོག་པ་དང་།རླངས་འཁོར་བེད་མེད་གསར་བརྗེའི་ཁ་གསབ་རེ་ཞུ་བྱེད་མཁན་ལ་སྤྲིན་མྱུར་སྤྲོད་Appདང་།སྐད་འཕྲིན།གཏོང་སྤྲོད་འབོ།འདར་འགུལ་བཅས་ཀྱི་ནང་ནས“རླངས་འཁོར་རྙིང་ཚབ་གསར་བརྗེ་བྱེད་པའི”གོ་རིམ་ཆུང་ངུ་བརྒྱུད་དྲ་ཐོག་ནས་རེ་ཞུ་ལེགས་གྲུབ་བྱེད་ཆོག་གི་ཡོད་པ་རེད།ཕྱོགས་ཡོངས་དང་ཐབས་ལམ་མང་བའི་རེ་ཞུའི་བྱེད་སྟངས་དེ་རིགས་ཀྱིས་འཛད་སྤྱོད་པ་ཞུགས་པའི་ཧུར་སེམས་ཆེ་རུ་ཤུགས་ཆེན་ཕྱིན་ནས་མི་དེ་བས་མང་བར་སྲིད་ཇུས་ལས་བྱུང་བའི་དངོས་ཕན་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
མཚོ་སྔོན་གྱིས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པ་ལག་བསྟར་བྱས་པ་དེས་རེ་ཞུའི་ཐབས་ལམ་ཐད་སྟབས་བདེ་དང་ནུས་ཆེའི་ལས་དོན་བསྒྲུབས་པ་མ་ཟད།དེའི་ཁ་གསབ་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་དང་ཁ་གསབ་ཀྱི་ཚད་གཞི་ཁ་གསལ་ཡང་མི་རྣམས་ཀྱིས་དོ་སྣང་བྱེད་ཀྱི་ཡོད།རླངས་འཁོར་ཁྱབ་ཁོངས་སུ་རླངས་འཁོར་གསར་པ་ཉོ་བའམ་ཡང་ན་བརྗེ་ལེན་གསར་བརྗེ་གང་ཡིན་རུང་ཚང་མར་དེ་མཚུངས་ཀྱི་ཁ་གསབ་རྒྱབ་སྐྱོར་ཐོབ་ནས་འཛད་སྤྱོད་པའི་རླངས་འཁོར་ཉོ་བའི་མ་གནས་དམའ་རུ་ནུས་ལྡན་ཕྱིན་ཡོད།ཁྱིམ་སྤྱོད་གློག་ཆས་དང་གྲངས་འཛིན་ཐོན་རྫས་ཐད་རྙིང་ཚབ་གསར་བརྗེའི་ཁ་གསབ་གསར་པར་བརྟེན་ནས་འཛད་སྤྱོད་པས་རིན་གོང་དེ་བས་གཟིགས་སྐྱོང་བྱས་ཏེ་ཚན་རྩལ་ཐོན་རྫས་གསར་ཤོས་ཉམས་ལེན་ཐུབ་པ་བྱ་རྒྱུ་དང་།ཁྱིམ་ཆས་འཛད་སྤྱོད་དངོས་རྫས་གསར་པ་བརྗེ་བ་དང་ཁྱིམ་སྤྱོད་གྱོན་ཆས་ཀྱི་ཁ་གསབ་གསར་པ་སྤྲད་པ་དེས་ཁྱིམ་ཚང་གི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།སྲིད་ཇུས་དེ་དག་ལག་བསྟར་བྱས་པ་ལས་འཛད་སྤྱོད་པར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་མ་ཟད།མཚོ་སྔོན་གྱི་འཛད་སྤྱོད་ཁྲོམ་རར་ཡང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
སྲིད་ཇུས་ཀྱི་རྒྱུན་མཐུད་སྐུལ་འདེད་འོག་མཚོ་སྔོན་གྱི་འཛད་སྤྱོད་ཁྲོམ་ར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད།འཛད་སྤྱོད་པ་སྔར་ལས་མང་བ་རྙིང་ཚབ་གསར་བརྗེའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པས།ཚོང་ཟོག་གསར་སྒྱུར་རབས་བརྗེ་བྱེད་པར་སྐུལ་འདེད་ཐེབས་པ་མ་ཟད།འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་གཏོང་བར་ཡང་སྐུལ་ཁྲིད་བྱས་ཡོད།སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས་མཚོ་སྔོན་གྱི་འཛད་སྤྱོད་ཁྲོམ་རར་དེ་བས་དར་རྒྱས་ཀྱི་འབྱུང་འགྱུར་བསུ་རྒྱུ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ནས་ས་ཁོངས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།