ཟླ4ཚེས8ཉིན། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཁྱབ་ཁོངས་ཀྱི་བདེ་འཇགས་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཉེ་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་དཔེ་མཚོན་དོན་རྐྱེན་གྱི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་དང་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་མཆན་བཀོད་བླང་བྱ་བརྒྱུད་བསྒྲགས་བྱས་ལ། ཉེ་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་སྲུང་བྱ་བར་བཀོད་སྒྲིག་བྱས།
ནམ་ཟླ་རིམ་བཞིན་ཇེ་དྲོར་སོང་བ་དང་བསྟུན་ནས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་ཡང་རིམ་བཞིན་ཡུལ་སྐོར་དང་ཐོན་སྐྱེད་དུས་སུ་ཞུགས་པ་དང་། མི་དང་དངོས་ཟོང་འཁོར་རྒྱུགས་མྱུར་དུ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། རིགས་སོ་སོའི་ཁེ་ལས་ཀྱིས་རྗེས་གཅིག་གཉིས་མཐུད་ངང་ཡང་བསྐྱར་ལས་མགོ་རྩོམ་བཞིན་ཡོད་ཅིང་། གནོད་འཚེའི་རིང་བཞིན་གྱི་གནམ་གཤིས་མཚམས་རེར་འབྱུང་བཞིན་ཡོད་པའི་ཁར། སྒྲིག་ཆས་སྒྲིག་གཞི་འཐུས་ཚང་མིན་པ་དང་ལས་ཞུགས་མི་སྣའི་བདེ་འཇགས་སྤུས་ཚད་སོགས་ཐད་ཀྱི་རྒྱུ་རྐྱེན་གང་མང་དབང་གིས། བདེ་འཇགས་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མིག་སྔར་གྱི་བདེ་འཇགས་གནས་བབ་དང་རང་ངོས་ཀྱི་བྱ་བར་ཡང་བསྐྱར་ཞིབ་བཤེར་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོ་རུ་གཏོང་བ་དང་། འགན་འཁྲི་ཁག་ཁུར་ཤུགས་དྲག་ཏུ་གཏོང་བ། དུས་ནམ་ཡང་རྣམ་རིག་གསལ་བོ་སྲུང་འཛིན་བྱེད་པ། ཉེ་དུས་ཞིང་ཆེན་ཕྱི་ནང་དུ་བྱུང་བའི་བདེ་འཇགས་དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་ཟབ་མོ་བྱེད་པ། ལྷོད་གཡེང་སྤུ་ཙམ་ཡང་མེད་པར་གཞུང་ལམ་འགྲིམ་འགྲུལ་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་སྲུང་བྱ་བ་ནན་འཛིན་དང་ཞིབ་ཚགས་དངོས་སྒྲུབ་བྱེད་པ་དང་། བདེ་འཇགས་ཀྱི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་དངོས་གནས་སྲུང་སྐྱོང་བྱེད་དགོས།
གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་གཞུང་ལམ་སྐྱེལ་འདྲེན་དང་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་རྩ་བཅོས་མཁྲེགས་གཏོར་བྱ་བའི་ལོ་གསུམ་འགུལ་སྐྱོད་ལ་དམ་དུ་དམིགས་ཏེ། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་བྱེད་པའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་དང་། ཁྱབ་ཁོངས་གཙོ་བོ། ཡུལ་སྐོར་མགྲོན་སྐྱེལ་རླངས་འཁོར་སོགས་གཙོ་གནད་གོ་རིམ་དང་དམ་དུ་སྦྲེལ་ནས། དོན་རྐྱེན་ཚབས་ཆེན་ཞིབ་བཤེར་བཅོས་སྐྱོང་དང་། ཉེན་ཁར་ལྟ་ཞིབ་དང་སྔོན་བརྡ་གཏོང་ཤུགས་ཇེ་དྲག་ཏུ་གཏོང་བ། གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་སྒྲིག་ཆས་བཅོས་སྒྱུར་བྱ་བར་མྱུར་དུ་སྐུལ་འདེད་གཏོང་བ། ལམ་དུམ་གཙོ་བོའི་ཁྲིམས་བསྟར་འགོག་སྡོམ་ཤུགས་དྲག་ཏུ་གཏོང་བ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་མཉམ་ཤུགས་མཐོ་རུ་གཏོང་དགོས། དྲིལ་སྒྲོག་སློབ་གསོ་དང་ཁྲིད་སྟོན་སྐུལ་ཁྲིད་བྱ་བར་ཤུགས་བསྣན་ཏེ། དཔེ་གཞིས་ཁྲིམས་ལུགས་གསལ་འགྲེལ་དང་། དཔེ་གཞིས་ཉེན་བརྡ་གཏོང་བའི་འཇིགས་སྣང་བསམ་པ་ཇེ་དྲག་ཏུ་གཏོང་དགོས་ཤིང་། གཞུང་ལམ་སྐྱེལ་འདྲེན་ཁེ་ལས་ཀྱི་འགན་ཁུར་མི་སྣ་གཅིག་སྡུས་གསོ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་གྱིས་སྤེལ་བ་དང་། ཞིང་སྡེ་མང་ཚོགས་ཀྱི་གཞུང་ལམ་འགྲིམ་འགྲུལ་ཐད་ཀྱི་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་གནས་བབ་རྒྱུན་མཐུད་ངང་བརྟན་པོར་གནས་ཐུབ་པར་ཁག་ཐེག་བྱ་དགོས། ཉེ་དུས་ཀྱི་ཞིང་ཆེན་ནང་ཁུལ་གྱི་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཁྱབ་ཁོངས་ཀྱི་བདེ་འཇགས་དོན་རྐྱེན་ཁྲོད་མངོན་པའི་གནད་དོན་ལ་དཔེ་བསྡུར་བྱས་ཏེ། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་ཤུགས་ཆེན་པོས་འགོག་སེལ་བྱེད་པ་དང་། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་ནན་དཀྲི་བྱེད་པ། བཟོ་རྩལ་གཙོ་བོ་དང་གནད་འགག་དུས་རིམ་གྱི་ཉེན་ཁའི་སྔོན་བརྡ་དང་འཕྲལ་བསྟུན་ཐག་གཅོད་བྱ་བ་ཤུགས་དྲག་ཏུ་གཏོང་བ་དང་། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་འཕྲལ་བསྟུན་སྔོན་ཇུས་གཏན་འབེབས་བྱས་ནས་བདེ་འཇགས་དོ་དམ་གྱི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས་པའི་བླང་བྱ་བཏོན།