མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ཅུའུ་ཡིས་གཙོ་གཉེར་དང་མཚོ་སྔོན་ཞིང་ཆེན་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་སུའོ་ཡིས་སྒྲུབ་འགན་འཁུར་བའི2025ལོའི་བྱི་རིམས་སྔོན་འགོག་ཚོད་འཛིན་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དུ་འགོ་ཚུགས།
ཐེངས་འདིའི་བྱེད་སྒོ་དེ“དམངས་ཡོངས་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་ནང་ཞུགས་ནས་བདེ་ཐང་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་ཐུན་མོང་དུ་འཛུགས་སྐྲུན་བྱེད་དགོས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ།རིག་རྩལ་འཁྲབ་སྟོན་དང་།འཕྲལ་སྦྱར་འགེལ་དང་འགྲེམས་པང་ལེབ་བཀོད་པ།དྲིལ་སྒྲོག་རྒྱུ་ཆ་འགྲེམས་སྤེལ་བྱེད་པ།ཤེས་བྱའི་འཆད་ཁྲིད་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ས་གནས་ས་ཐོག་གི་མང་ཚོགས་ལ《མཚོ་སྔོན་ཞིང་ཆེན་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་སྐོར་གྱི་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དེ་བཞིན་“མི་གསུམ་དང་ཚགས་པར་གསུམ”སོགས་བྱི་རིམས་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་བཏང་ཡོད། དེ་དང་ཆབས་ཅིག་དྲིལ་སྒྲོག་སྟེགས་བུ་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཁྱབ་གདལ་འགུལ་རིས་དང་བརྙན་ཐུང་སོགས་འགྲེམས་སྤེལ་བྱས་ཏེ་གོ་བདེ་དང་གསོན་ཉམས་ལྡན་པའི་སྤྲོ་བ་ལྡན་པའི་རྣམ་པའི་ཐོག་ནས་སྤྱི་དམངས་ཀྱིས་བྱི་རིམས་སྔོན་འགོག་ཚོད་འཛིན་ཐད་ཤེས་རྟོགས་ཆེ་རུ་གཏོང་བ་དང་།རང་ཉིད་ཀྱི་འགོག་སྲུང་འདུ་ཤེས་ཆེ་རུ་གཏོང་བ།སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པའི་ཁོར་ཡུག་བཟང་པོ་གཏོད་དགོས།
བྱི་རིམས་ནི་རང་བྱུང་རིམས་ནད་འབྱུང་ཁུངས་རང་བཞིན་གྱི་འགོས་ནད་དྲག་པོ་ཞིག་ཡིན་པའི་ཆ་ནས།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་འཇིགས་སྐུལ་ཚབས་ཆེན་བྱེད་བཞིན་ཡོད། ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ཐེངས་འདིའི་དྲིལ་སྒྲོག་ཟླ་བའི་བྱེད་སྒོར་བརྟེན་ནས་སྡེ་ཚན་མང་པོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། སྡེ་ཚན་ཁག་གི་འགན་འཁྲི་ལག་བསྟར་བྱས་ཏེ་ལས་ཀའི་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་ཚན་རིག་དང་མཐུན་པའི་བྱི་རིམས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་རྒྱུ་ཡིན་ཞེས་བཤད། གཞན་ཡང་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་དེ་ད་དུང་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་སློབ་གྲྭ་དང་། ལས་གཞི་དང་གྲོང་གསེབ་ཏུ་བསྐྱོད་ནས་གཙོ་གནད་མི་ཚོགས་དང་གཙོ་གནད་ས་ཁུལ་མངོན་གསལ་དོད་དུ་བཏང་ནས་རོང་འབྲོག་པ་དང་། སློབ་མ། ཕྱི་རོལ་ལས་སྒྲུབ་མི་སྣ། ཕྱི་ནས་ཡོང་བའི་ལས་མཁན། ཡུལ་སྐོར་མི་སྣ་སོགས་འགོས་སླ་བའི་མི་ཚོགས་ལ་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་དུ་གཏིང་ཟབ་ཏུ་གཏོང་བ་དང་མང་ཚོགས་དང་ཐག་ཉེ་བར་བརྟེན་བྱི་རིམས་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་མི་སེམས་སུ་གཏིང་ཟབ་ཏུ་བཏང་ནས་སྤྱི་དམངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་དང་ནུས་པ་ཏན་ཏིག་ཇེ་མཐོར་གཏང་རྒྱུ་རེད།