གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་བཙོག་ཕུད་ལས་ཁུངས1797ཚང་མས་བླང་བྱ་ལྟར2025ལོའི་ཟླ2པའི་ཟླ་མཇུག་བར2024ལོའི་བཙོག་ཕུད་ལག་བསྟར་སྙན་ཞུ་ཡར་སྤྲོད་བྱ་བ་ལེགས་འགྲུབ་བྱེད་པའི་བླང་བྱ་བཏོན། དེ་ནི་རྒྱལ་ཡོངས་ཀྱི་སྤྲོད་ཚད100%ཡི་ཞིང་ཆེན4གྲས་ཀྱི་གཅིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་བཙོག་ཕུད་ཆོག་མཆན“དཔང་གཅིག་ཅན”གྱི་དོ་དམ་དོན་འཁྱོལ་པ་དང་། ཁོར་ཡུག་སྤུས་ཚད་ལེགས་པོའི་ཕྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་བར་འདེགས་སྐྱོར་མཁོ་འདོན་བྱས།
བཙོག་ཆུ་ཕྱིར་གཏོང་ཆོག་མཆན་ལག་བསྟར་སྙན་ཞུ་དེ་བཙོག་ཕུད་ལས་ཁུངས་ཀྱིས་རང་སྒེར་གྱི་ལྟ་སྐུལ་ཚད་ལེན་དང་། འབག་བཙོག་དངོས་པོ་ཕྱིར་གཏོང་། ཁོར་ཡུག་དོ་དམ་བླང་བྱ་དོན་འཁྱོལ་གནས་ཚུལ་གྱི་ངེས་གཏན་དུས་ཚོད་སྙན་ཞུ་ཡིན་པ་དང་། བཙོག་ཕུད་ཆོག་མཆན་དཔང་ཡིག་རྗེས་ཀྱི་དོ་དམ་གྱི་གོ་རིམ་གལ་ཆེན་ཞིག་ཡིན། སྙན་ཞུ་དེ་ཁེ་ལས་རང་གི་ཁྲིམས་སྲུང་གི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཁེ་ལས་ཀྱི་དཔང་ཡིག་ལྟར་བཙོག་ཕུད་ལ་ལྟ་སྐུལ་དང་། བཙོག་ཕུད་མཁན་གྱི་འགན་འཁྲི་ཤུགས་དྲག་ཏུ་བཏང་ནས། བཙོག་ཕུད་མཁན་གྱི་ཁྲིམས་འགལ་ཉེན་ཁ་ཇེ་དམའ་རུ་གཏོང་བའི་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན།
བཙོག་ཕུད་ཆོག་མཆན་སྒྲིག་སྲོལ་ལག་བསྟར་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་བྱེད་ཐབས་སྣ་མང་མཉམ་སྤྱོད་དང་། གནད་ཁེལ་སྒོས་ཤུགས་བཏོན་ནས། ཁྱོན་ཡོངས་ནས་བཙོག་ཕུད་ཆོག་མཆན་དཔང་ཡིག་ལག་བསྟར་སྙན་ཞུ་ཡར་སྤྲོད་བྱ་བར་སྐུལ་འདེད་བཏང་། ཡར་སྤྲོད་འོས་པའི་བཙོག་ཕུད་ཆོག་མཆན་དཔང་ཡིག་ལག་བསྟར་སྙན་ཞུའི་བཙོག་ཕུད་ལས་ཁུངས་ལེགས་སྒྲིག་དང་། བཙོག་ཕུད་ཆོག་མཆན་གྱི་ལོ་རེའི་སྙན་ཞུའི་ཡར་སྤྲོད་གནས་ཚུལ་རྩིས་ཐོ་སྒྲིག་འཛུགས་བྱས། གྲོང་ཁྱེར་དང་ཁུལ་སོ་སོའི་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྤྱི་ཚོགས་ཡོངས་བསྒྲགས་དང་། གསལ་འདེབས་ཡི་གེ་སྐྱེལ་བ། ཁ་པར་ལས་བརྡ་གཏོང་བ། ཡུལ་དངོས་ལྟ་སྐུལ་སོགས་ཀྱི་རྣམ་པ་སྤྱད་དེ། བཙོག་ཕུད་ལས་ཁུངས་ཀྱི་ལག་བསྟར་སྙན་ཞུའི་ཚད་ལྡན་བླང་བྱ་དང་ལེགས་འགྲུབ་དུས་ཡུན་གསལ་བོར་བྱས།
ཁེ་ལས་ཀྱི་རེའུ་མིག་སྐོང་བའི་དཀའ་གནད་ལ་དམིགས་ནས། རོགས་སྐྱོར་ཚན་ཆུང་གྲུབ་པ་དང་། རང་འགུལ་ངང་བཙོག་ཕུད་ལས་ཁུངས་སུ་སོང་ནས། སེམས་ཞིབ་མོས་ཞབས་ཞུ་མཛུབ་སྟོན་བྱེད་པ་དང་། བཙོག་ཕུད་ལས་ཁུངས་ཀྱིས་སྒེར་གྱི་ལྟ་སྐུལ་ཚད་ལེན་བྱེད་པ། ཁོར་ཡུག་དོ་དམ་རྩིས་ཐོ། བརྡ་འཕྲིན་ཡོངས་བསྒྲགས་རང་སྒེར་གྱི་ཞིབ་བཤེར་བཅས་བྱེད་པ་བརྒྱུད། ཁེ་ལས་ཀྱི་དུས་ལྟར་དུ་སྙན་ཞུའི་རེའུ་མིག་བསྐངས་ནས་ཡར་སྤྲོད་པར་ཁག་ཐེག་བྱས་ནས། གནད་ཁེལ་སྒོས་འབག་བཙོག་འགོགས་བཅོས་དང་། ཚན་རིག་ལྟར་འབག་བཙོག་འགོག་བཅོས། ཁྲིམས་ལྟར་འབག་བཙོག་འགོག་བཅོས་ཐད་གཞོགས་འདེགས་མཁོ་འདོན་བྱས། དུས་མཚུངས་སུ། ཆེད་མིའི་དྲིས་ལན་འདེབས་པའི་སྐུད་སྣེ་སྒྲིག་འཛུགས་བྱེད་པ་དང་། ཁེ་ལས་སུ་བློ་འདྲིའི“དྲི་བ་ཡོད་ན་ལན་ཡོད་པ”དང“དོགས་གཞི་ཡོད་ན་ངེས་སེལ”བྱས་ཏེ། བརྡ་འཕྲིན་མང་དུ་བརྗེ་རེས་དང་། མི་སྣ་འདུར་རྒྱུག་ཇེ་ཉུང་དུ་བཏང་སྟེ། རྒྱལ་ཡོངས་བཙོག་ཕུད་ཆོག་མཆན་དོ་དམ་བརྡ་འཕྲིན་སྟེགས་བུ་སྤྱད་དེ་དུས་ཐོག་ཏུ་རྗེས་འདེད་ནས། རྗེས་སུ་ལུས་པའི་ཁེ་ལས་སུ་དུས་ཐོག་སྔོན་བརྡ་བཏང་། །