མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། ཚེས4ཉིན་རྒྱལ་ཁབ་ནགས་ཚལ་དང་རྩྭ་སོན་རྒྱུ་ཐོན་ཁུངས་སྒྲིག་བཀོད་ཉར་ཚགས་མཛོད་ཀྱི་མཚོ་སྔོན་ཡན་ལག་མཛོད་(གཤམ་དུ་མཚོ་སྔོན་ཡན་ལག་མཛོད་ཟེར)ཟི་ལིང་གྲོང་ཁྱེར་ཤིས་ཧྲན་ནགས་ར་དུ་ལས་འགོ་བཙུགས་ཡོད། རྣམ་གྲངས་དེར་མ་དངུལ་བསྡོམས་འབོར་སྒོར་ཁྲི་7671བཏང་བ་དང་ས་ཁྱོན་སྨི་ངོས་གྲུ15666.67ཟིན་ཞིང་། དྲོད་ཚད་དམའ་བའི་ཉར་ཚགས་མཛོད་དང་།DNAཉར་ཚགས་མཛོད་དང་།དམར་དཔེ་མཛོད་སོགས་ནུས་པའི་མཛོད་ཁང་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་བྱས་ཤིང་།སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ6683.9ཡིན་པ་དང་སྔོན་དཔག་བྱས་ན2026ལོར་བསྐྲུན་ནས་བེད་སྤྱོད་གཏོང་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ད་ལྟའི་དུས་རིམ་རང་རྒྱལ་གྱིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པ་གཉིས་ཀྱི་བཀོད་པ་དང་།ས་གནས་དང་།ས་གཞི།སྒྲིག་བཀོད་ཉར་ཚགས་བཅས་བྱེད་སྟངས་གསུམ་ཟུང་འབྲེལ་བྱས་པའི་ནགས་ཚལ་དང་རྩྭ་སོན་རྒྱུ་ཆའི་ཐོན་ཁུངས་ཉར་ཚགས་མ་ལག་རགས་ཙམ་བཙུགས་ཡོད། མཚོ་སྔོན་ཡན་ལག་མཛོད་ནི་རྒྱལ་ཡོངས་གྱི“གཙོ་གཅིག ཡན་ལག་དྲུག་གཅིག”ནགས་ཚལ་དང་རྩྭ་སོན་རྒྱུའི་ཐོན་ཁུངས་སྒྲིག་བཀོད་ཉར་ཚགས་མ་ལག་གི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པའི་ངོས་ནས་མཚོ་བོད་མཐོ་སྒང་གི་ས་ཁུལ་གྱི་རྩ་ཆེའི་ནགས་ཚལ་དང་ཤིང་སྡོང་གི་སོན་རྒྱུའི་ཐོན་ཁུངས་བསྡུ་རུབ་དང་ཉར་ཚགས་གང་ལེགས་བྱས་ཏེ་རྩ་ཆེའི་ཤིང་སྡོང་གི་རྒྱུད་འཛིན་སྣ་མང་རང་བཞིན་གྱི་རྣམ་པར་ཞིབ་འཇུག་གདེང་འཇོག་བྱས་ནས་སྲུང་སྐྱོང་བེད་སྤྱོད་ཐབས་ཇུས་གཏན་འབེབས་བྱེད་པ་མ་ཟད། ནགས་ཚལ་རྒྱུད་འཛིན་དང་སོན་རིགས་ལེགས་བཅོས་བྱེད་པར་གཞི་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་མཁོ་འདོན་བྱེད་ཐུབ་པས་རྩི་ཤིང་གི་སྣ་ཁ་དང་དེའི་རྒྱུད་འཛིན་སྣ་མང་རང་བཞིན་རྒྱུན་འཁྱོངས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། 2023ལོའི་ཟླ2པར།མཚོ་སྔོན་ཡན་ལག་མཛོད་དེ《རྒྱལ་ཡོངས་ནགས་ཤིང་སོན་རྫས་ཐོན་ཁུངས་བརྟག་དཔྱད་བསྡུ་རུབ་དང་ཉར་ཚགས་བེད་སྤྱོད་འཆར་འགོད(2014ལོ་ནས་2025ལོ་བར)》ནང་དངོས་སུ་བཅུག ལོ་དེའི་ཟླ3པར།རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས《རྒྱལ་ཁབ་ཀྱི་ནགས་ཚལ་དང་རྩྭ་སོན་རྒྱུ་ཆའི་ཐོན་ཁུངས་སྒྲིག་བཀོད་ཉར་ཚགས་མཛོད་ཀྱི་མཚོ་སྔོན་ཡན་ལག་མཛོད་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་པར་མོས་མཐུན་བྱ་རྒྱུའི་སྐོར་གྱི་འཕྲིན་ཡིག》པར་འགྲེམས་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་རིམ་པ་སྤོར་ནས་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད།རྣམ་གྲངས་དེ་2024ལོའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་འདེགས་སྐྱོར་མ་ལག་ལས་གཞིའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་འཆར་གཞིའི་ནང་བཅུག
ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཚད་གྲང་སྐྱེས་དང་། སྐམ་སྐྱེར། བྱེ་སྐྱེས་སོགས་ནགས་ཚལ་དང་རྩྭ་སོན་རྒྱུ་ཆའི་ཐོན་ཁུངས་ཁྲི་50འཛུགས་པ་དང་།“ཐོན་ཁུངས་སྲུང་སྐྱོང་+ཚན་རྩལ་འགག་སྒྲོལ+གྲུབ་འབྲས་བཅོས་བསྒྱུར”གྱི་འབྲེལ་ཐག་མ་ལག་ཡོངས་འཛུགས་པ།སྐྱེ་ཁམས་དཔལ་ཡོན་དྲིལ་བསྒྲགས་སློབ་གསོའི་དངོས་ལྗོངས་སློབ་ཚན་གཏོད་པའི་ལྟེ་བའི་གནས་ངེས་ཆེན་པོ་གསུམ་ལ་གཞི་ཚུགས་ནས་གཉེར་སྐྱོང་འགན་སྲུང་མ་ལག་འཛུགས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། ཡིད་ཆེས་བརྟན་པོ་དང་འབད་བརྩོན་དང་སྔོན་ལ་བརྩོན་ལེན་བྱས་ཏེ།མཚོ་སྔོན་ཡན་ལག་མཛོད་མཐོ་སྒང་གི་རྩི་ཤིང་གི་སོན་རྒྱུ་ཆ་ཐོན་ཁུངས་ཉར་ཚགས་ལྟེ་གནས་དང་ཚན་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་སུ་བསྐྲུན་ནས་རང་རྒྱལ་གྱི་ནགས་ཚལ་དང་རྩྭ་སོན་རྒྱུ་ཆའི་ཐོན་ཁུངས་ཁྱོན་ཡོངས་ནས་སྲུང་སྐྱོང་དང་ནགས་ཚལ་དང་རྩྭ་སོན་ལས་རིགས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་རྒྱུ་རེད།