འབའ་རྫོང་གིས་གནོད་འགོག་གཟན་རྩྭ་ཏུན284བྱིན་ཏེ་ཕྱུགས་ལས་གསོ་སྤེལ་ལ་རོགས་འདེགས་བྱས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ད་སྔ་ནི་དཔྱིད་དུས་ཀྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་ཡིན་པས། འབའ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་ཞང་དང་གྲོང་རྡལ་ཁག་ལ་གཟན་རྩྭ་ཏུན284བྱིན་ཏེ་རང་ས་གནས་ཀྱི་དཔྱིད་ཀའི་ཕྱུགས་ལས་གསོ་སྤེལ་ལ་རོགས་འདེགས་བྱས། དཔྱིད་དུས་ནི་ཕྱུགས་རིགས་སྐྱེ་འཕེལ་དང་རྒྱུད་སྤེལ་གྱི་དུས་རིམ་གལ་ཆེན་ཞིག་ཡིན་པས། གཟན་རྩྭ་འདང་ངེས་ཤིག་ཡོད་རྒྱུ་ནི་ཕྱུགས་ལས་འཕེལ་རྒྱས་ཀྱི་འགན་སྲུང་གལ་ཆེན་ཞིག་རེད། རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་སྔ་མོ་ནས་འཆར་འགོད་བཟོས་ཏེ་གཟན་རྩྭ་གསོག་འཇོག་བྱས་ཡོད་པས། ཞང་དང་གྲོང་རྡལ་ཁག་གི་དཔྱིད་དུས་ཀྱི་གཟན་རྩྭ་དཀོན་པའི་གནས་ཚུལ་ནུས་ལྡན་ངང་ཐག་གཅོད་བྱས།

གཟན་རྩྭ་སྟེར་བའི་ཡུལ་དངོས་སུ། འབའ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱི་ལས་དོན་མི་སྣས་གཟན་རྩྭ་རླངས་འཁོར་ནང་དུ་འཇོག་པ་དང་ཐོ་འགོད་བྱེད་པ་སོགས་ཞིབ་ཚགས་ཀྱི་སྒོ་ནས་འབྲོག་པ་མང་ཚོགས་ཀྱིས་གཟན་རྩྭ་ལེན་པའི་འགྲོ་ལུགས་བསྒྲུབས་བཞིན་ཡོད། ད་དུང་མི་འགའ་ཞིག་གིས་ཡུལ་དངོས་སུ་གཟན་རྩྭ་ལེན་པའི་གོ་རིམ་རྒྱུན་འཁྱོངས་བྱས་ཏེ་རླངས་འཁོར་བདེ་འཇགས་ངང་འགྲོ་འོང་བྱེད་པར་ཁྲིད་སྟོན་བྱེད་པ་དང་། གཟན་རྩྭ་ལེན་དུ་ཡོང་བའི་མང་ཚོགས་ཀྱིས་རྐང་གསུམ་འཕྲུལ་འཁོར་དང་འཕྲུལ་རྟ། རླངས་འཁོར་དང་སྐྱེལ་འདྲེན་རླངས་འཁོར་ཆུང་བ་སོགས་བསྐོར་ཏེ་གོ་རིམ་ལྡན་པའི་ངང་གཟན་རྩྭ་ལེན་བཞིན་ཡོད་ལ། མི་ཚང་མའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་ཀྱིས་ཁེངས་ཤིང་ཁ་བརྡའི་ཁྲོད་རྫོང་སྲིད་གཞུང་ལ་བཀའ་དྲིན་ཞུ་བཞིན་ཡུལ་དངོས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས་འདུག ས་བརྐོ་འཕྲུལ་ཆས་ཆེ་གྲས་ཞིག་ཀྱང་དེའི་ནང་ཟབ་ཞུགས་བྱས་ཏེ་གནད་ལ་འཁེལ་བའི་སྒོ་ནས་གཟན་རྩྭ་རླངས་འཁོར་ནང་དུ་འཇོག་བཞིན་ཡོད་པ་དང་མིག་སྔའི་བར་གཟན་རྩྭ་ཏུན284ལྷག་བྱིན།

ལས་རིམ་རྗེས་མར། འབའ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་ཕྱུགས་ལས་འཕེལ་རྒྱས་ཀྱི་འགུལ་རྣམ་ལ་དམིགས་ཏེ་ཚད་མཐོའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཐོག་ནས་གཟན་རྩྭ་གསོག་འཇོག་དང་བགོ་བཤའི་ལམ་སྲོལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ། ཕྱུགས་རིགས་ཀྱི་གནོད་འགོག་ནུས་པ་དང་གཟན་རྩྭ་བེད་སྤྱོད་ཀྱི་ཕན་འབྲས་མཐོ་རུ་གཏོང་བ་དང་། འབྲོག་པ་མང་ཚོགས་ལ་བརྟན་ལྷིང་དང་ཕུན་སུམ་ཚོགས་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ནས་ཐུན་ཏེ་རྫོང་གི་ཕྱུགས་ལས་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རམ་འདེགས་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།