པདྨ་རྫོང་གིས་ས་གནས་ཀྱི་གནས་བབ་དང་བསྟུན་ནས་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་བགྲོད་ལམ་གསར་པ་གཏོད་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཉེ་བའི་ལོ་ཤས་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་ཐོན་ཁུངས་ཀྱི་རང་སྤུས་ལ་རྐང་བཙུགས་ནས། “རི་གཉིས”འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་པ་དང་། སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་པ། ལས་གཞིས་སྣེ་འདྲེན་པའི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ། ཁྱད་ལྡན་ཐོན་ལས་དང་གསར་དར་ལས་རྣམ་ཤུགས་ཆེན་པོས་གསོ་སྐྱོང་བྱས་པ། རྫོང་ཁོངས་དཔལ་འབྱོར་ཐད་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་བར་སྐུལ་འདེད་བཏང་བས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་མཐུད་ངང་མཐོ་རུ་སོང་ཡོད།

ལས་གཞིས་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་འཕར་སྣོན་ཀྱི་སྒུལ་ཤུགས་གསར་པ་གསོ་སྐྱོང་བྱས་པ། པདྨ་རྫོང་གིས་ཐོག་མཐའ་བར་གསུམ་དུ་དམངས་ཕྱུག་རྫོང་སྟོབས་ཀྱི་དམིགས་འབེན་གཏན་འཁེལ་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་ངང་ལས་གཞི་བརྩོན་ལེན་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ལས་གཞི་དོན་ཐོག་ཏུ་འཁྱོལ་དུ་བཅུག་པ་དང་དམ་འཛིན་དངོས་གཉེར་གྱིས་ལས་གཞི་གཉེར་བའི་སྒོས་དངུལ་གཏོང་དང་ལས་གཞིས་དཔལ་འབྱོར་ལ་སྐུལ་ཁྲིད་འདེགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས། རྫོང་རིམ་པའི་མགོ་ཁྲིད་ཀྱིས་ལས་གཞི་འབྲེལ་གཏུག་འགན་ལེན་གྱི་ནང་རྐྱེན་འཛུགས་པ་གསར་གཏོད་བྱས་ཏེ། རིམ་རྩིས་བྱས་པ་ལྟར་ན་ནོར་སྲིད་ཀྱིས་སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར1.56དང་། ཤར་ནུབ་རྒྱུད་ཀྱི་མཉམ་ལས་མ་དངུལ་སྒོར་ཁྲི2900ལག་བསྟརབྱས། 2024ལོར་ལས་གཞི36ལག་བསྟར་བྱས་ཤིང་སྤྱིའི་མ་དངུལ་སྒོར་དུང་ཕྱུར3.38སླེབས་ཡོད། ལས་གཞིའི་དོ་དམ་ཚད་ལྡན་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ལྟ་སྐུལ་ལ་ཤུགས་བསྣན་ནས་ལས་གཞི་གལ་ཆེན་ལག་ལེན་དུ་བསྟར་ནས་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས།      

ཁྱད་ལྡན་ཐོན་ལས་སྔོག་འདོན་གཏིང་ཟབ་བྱས་ནས་ཐོན་ལས་མུ་ཕྲེང་ཧྲུལ་བོ་འཕེལ་རྒྱས་བྱུང་བའི་རྣམ་པ་གསར་པ་བཏོད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་སྤོ་བསྒྱུར་རིམ་སྤར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་། ནོར་གནག་དང་འབྲོག་ལུག་ཁྱུ་ཚོགས་ཅན་གྱི་གསོ་སྤེལ་རྟེན་གཞིའི་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་། བོད་ཇ་དང་། གྲོད་ཤ་སོགས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་ཇེ་ལེགས་སུ་གཏོང་བ། “སྤུས་ཚད་མཐོར་འདེགས་དང་། གྲངས་ཚད་བརྟན་པོ། སྦྲེལ་ཐག་གསབ་པ། ཕྱིར་གཏོང་རྒྱ་ཆེར་གཏོང་བ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་འཛུགས་པ་དང་། ཕུན་སུམ་ཚོགས་པའི་ནོར་གནག་ཐོན་ཁུངས་ལ་བརྟེན་པ། ནོར་ཤ་བསྙལ་མ་དང་རྒྱ་ཁོག་རྒྱུ་ཆ་སོགས་མུ་འབྲེལ་ལས་སྣོན་ཞིབ་བཟོའི་ཐོན་རྫས་གསར་སྤེལ་བྱེད་པ། འོ་མའི་ཐོན་རྫས་ཀྱི་འཚོང་ལམ་རྒྱ་བསྐྱེད་པ་བཅས་ཀྱིས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མངོན་གསལ་དོད་པོས་མཐོ་རུ་བཏང་། 

གསར་དར་ལས་རྣམ་གསོ་སྐྱོང་བྱས་ནས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་མ་ལག་གསར་པ་བཙུགས་པ། “ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས”བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གསར་བརྗེའི་རིག་གནས་དང་། ཡུལ་ཁོངས་རིག་གནས། དམངས་སྲོལ་རིག་གནས་བཅས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས། “ནས་ནག”གི་དུས་བཞིའི་མུ་འབྲེལ་རིག་གནས་ཡུལ་སྐོར་བྱ་འགུལ་སྣེ་ཁྲིད་དུ་བྱས་ཏེ། ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་སྒོས་བཏོན་པས། ལོ་རེར་ཡུལ་སྐོར་པ་མི་ཐེངས་ཁྲི9.38སྣེ་ལེན་བྱས་ཏེ་ཡུལ་སྐོར་གྱི་ཡོང་འབབ་དུས་མཉམ་ལས20.2%འཕར་བ་མངོན་འགྱུར་བྱུང་ནས། ས་གནས་ཀྱི་དམངས་ཤག་དང་། བཟའ་བཏུང་། ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ནུས་ལྡན་བྱས་པ་རེད། དེ་དང་ཆབས་ཅིག་གློག་རྡུལ་ཚོང་དོན་གྱི་སྟེགས་བུ་བསྐྲུན་ནས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་ཚོང་ལ་སྐུལ་འདེད་བཏང་སྟེ། ཐོན་སྐྱེད་ཆུང་བ་དང་ཁྲོམ་ར་ཆེན་པོ་སྦྲེལ་མཐུད་ནུས་ལྡན་བྱས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།