མཚོ་སྔོན་གནམ་གཤིས་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་ཐང་གི་མེ་ཉེན་རིམ་པའི་སྔོན་བརྡ་ཡག་པོ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དཔྱིད་དུས་སླེབས་པ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱི་ས་ཆ་མང་པོ་ཞིག་ཏུ་རླུང་འཚུབ་ཆེ་བའི་གནམ་གཤིས་ཐོན་པ་དང་གནམ་གཤིས་སྐམ་པོ་བྱུང་བ། ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་ཉེན་ཁའི་གནམ་གཤིས་རིམ་པ་མུ་མཐུད་མཐོ་རུ་ཕྱིན་ནས་མེ་སྐྱོན་གྱི་ཉེན་ཁ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཟླ4པའི་ཚེས6ཉིན།མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་འཕྲལ་སྡོམ་དང་གནོད་འཚེ་ཉུང་གཏོང་ཁྲུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།འདི་ལོ་དཔྱིད་ཀ་འགོ་ཚུགས་ཚུན་ཞིང་ཆེན་ཡོངས་སུ་ནགས་ཚལ་རྩྭ་ཐང་མེ་སྐྱོན་ཐེངས15ཐོན་ཡོད། དེའི་ཐོག་དམངས་སྲོལ་མཆོད་འབུལ་དང་།དཔྱིད་འདེབས་ཐོན་སྐྱོད།རི་རྒྱུད་དུ་བསྐྱོད་ནས་ཡུལ་སྐོར་སྤྲོ་གསེང་བྱེད་སྒོ་མང་བས།ཕྱི་རོལ་གྱི་མེ་ཁུངས་དོ་དམ་ཚོད་འཛིན་བྱེད་པའི་དཀའ་ངལ་སྔར་བས་ཆེ་རུ་ཕྱིན་ནས་ནགས་ཚལ་རྩྭ་ཐང་གི་མེ་འགོག་གི་གནས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བ་རེད། ཛ་དྲག་གི་དུས་བབ་དེར་ཁ་གཏད་གཅོག་ཆེད།ཞིང་ཆེན་ཡོངས་ཀྱི་གནམ་གཤིས་སྡེ་ཁག་རིམ་པ་ཁག་གིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱས་ཡོད།

ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ལས་ཁུངས་ཀྱིས་ཆར་ཆུ་དང་།དྲོད་ཚད།བརླན་ཚད།རླུང་ཆེན་སོགས་འགག་རྩའི་གནམ་གཤིས་རྒྱུ་རྐྱེན་ལ་གཙོ་གནད་ཐོག་དོ་ཁུར་བྱེད་པ་དང་།གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ནན་པོ་བྱེད་པ།ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁའི་མངོན་མེད་རྐྱེན་ངན་གནས་ཀྱི་འཁོར་སྐར་རྒྱང་ཚོར་དུས་ཐོག་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འགག་རྩའི་ས་ཁོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁའི་གནམ་གཤིས་རིམ་པའི་སྔོན་བརྡ་ཡག་པོ་བྱེད་དགོས། དེ་དང་ཆབས་ཅིག་ས་གནས་དེ་གའི་འཕྲལ་སྡོམ་དང་།ནགས་ཚལ་རྩྭ་ཐང་།ཞིང་ལས་གྲོང་གསེབ་སོགས་སྡེ་ཚན་དང་འབྲེལ་བ་ཟབ་ཏུ་བཏང་ནས་གྲོས་མོལ་ཞིབ་དཔྱད་དང་།ཆ་འཕྲིན་མཉམ་སྤྱོད།འཕྲལ་སྡོམ་མཐུན་སྦྱོར་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ས་གནས་དེ་གའི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ་མིས་བཟོས་ཆར་མང་དུ་གཏོང་བའི་ལས་སྒྲུབ་ཀྱི་གྲ་སྒྲིག་ལས་དོན་ཁག་སྤེལ་ནས་རྒྱུན་མཐུད་ཐན་པའི་ས་ཁུལ་དང་།ནགས་ཚལ་རྩྭ་ཐང་མེ་སྐྱོན་འབྱུང་སླ་བའི་ཁུལ་དང་དེ་བཞིན་ཆར་མང་དུ་གཏོང་བའི་དགོས་མཁོ་ཡོད་པའི་ས་ཁུལ་གཞན་དག་བཅས་སུ་དུས་ཐོག་ཏུ་ས་སྟོང་གཞི་གཅིག་ཅན་གྱི་མིས་བཟོས་ཆར་མང་དུ་གཏོང་བའི་ལས་ཀ་བྱེད་དགོས། གནམ་གཤིས་ལས་ཁུངས་ཀྱིས་རྒྱ་ཆེའི་གྲོང་མིར་དཔྱིད་དུས་ཀྱི་མཛེས་སྡུག་ལྡན་པའི་དུས་ཚོད་ལོངས་སྤྱོད་བྱེད་པ་དང་ཆབས་ཅིག་ཕྱི་རོལ་གྱི་མེ་སྤྱོད་བདེ་འཇགས་ལ་ངེས་པར་དུ་དོ་སྣང་བྱེད་དགོས་པའི་རེ་འབོད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།