དཔྱིད་ཀྱི་དཔལ་ཡོན་རྣམ་པར་ཤར་བ་དང་། ལོ་གཅིག་གི་དུར་མཆོད་དུས་ཆེན་ཡང་སླེབས། དུར་མཆོད་དུས་ཆེན་གྱི་སྐབས་སུ་རྨོ་འདེབས་དང་དུར་མཆོད། སྤྲོ་གསེང་གཏོང་བ་སོགས་མེ་འབུད་པའི་གནས་ཚུལ་མང་ལ། ནགས་ཚལ་དང་རྩྭ་སར་མེ་སྐྱོན་འབྱུང་བའི་རྐྱེན་མང་བས། མེ་སྐྱོན་གྱི་གནད་དོན་ཚབས་ཆེ་བའི་དངོས་ཡོད་གནས་ཚུལ་ལ་ཁ་གཏད་འཇལ་བ་དང་། ནགས་ཚལ་མེ་སྐྱོན་གྱི་སྔོན་འགོག་དྲ་བ་ཚགས་དམ་པོར་བཟོ་བ། “དུར་མཆོད་དུས་ཆེན”སྐབས་ཀྱི་ནགས་སྲུང་མེ་འགོག་གི་ཤུགས་ཚད་སྔར་བས་ཇེ་ཆེར་གཏོང་ཆེད། བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་མེ་འགོག་མེ་གསོད་རོགས་སྐྱོར་ཅུས་མཚོ་སྔོན་འཕྲུལ་སྒུལ་རུ་ཁག་གིས་ཞིང་ཆེན་འཕྲལ་སྡོམ་ཐིང་ལ་མཉམ་འབྲེལ་བྱས་ཏེ་གྱེན་འཕུར་གནམ་གྲུས་མཁའ་དབྱིངས་ནས་མེ་འགོག་སྐོར་སྲུང་དང་སྐོར་ཞིབ་བྱེད་པའི་བྱ་འགུལ་སྤེལ་ཞིང་། ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས།
ཐེངས་འདིར་གཙོ་བོ་ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་ཁུལ། མཚོ་ལྷོ་ཁུལ་གྱི་མཐའ་འཁོར་གྱི་ནགས་ཁུལ་གཙོ་བོ་དང་ལྗོངས་ཁུལ། མེ་སྐྱོན་འབྱུང་སླ་བའི་མེ་སོན་དོ་དམ། རྩི་ཤིང་ལ་ཐེབས་པའི་གཏོར་བརླག ནགས་ཚལ་མེ་འགོག་བྱ་བ་སོགས་ཀྱི་གནས་ཚུལ་ལ་སྐོར་སྲུང་དང་སྐོར་ཞིབ་བྱེད་རྒྱུ་དེ་ཡིན། རི་བོ་མཐོ་ཞིང་གཟར་བ་དང་མཚོ་འཕགས་མཐོ་བའི་དམིགས་བསལ་རང་བཞིན་ལ་ཁ་གཏད་ནས། གྱེན་འཕུར་གནམ་གྲུས་མཁའ་དབྱིངས་ནས་སྐོར་སྲུང་བྱས་ཚེ། ནགས་ཚལ་མེ་འགོག་གི་སྐོར་ཞིབ་བྱ་བ་ཁྱོན་ཡོངས་སུ་ཁྱབ་པར་བྱེད་ནུས་པར་མ་ཟད། རི་མཐོ་ཞིང་ལམ་ཐག་རིང་ས། མི་མེད་གདོད་མའི་ནགས་ཁུལ་གྱི་མེ་སོན་ལ་མགྱོགས་མྱུར་སྒོས་དབྱེ་འབྱེད་བྱེད་ཐུབ་ལ། མེ་སྐྱོན་གྱི་གནས་ཚུལ་ཤེས་ཚད་ཇེ་མཐོར་སོང་སྟེ། ས་ངོས་སྐོར་སྲུང་ལས་མཐོང་དཀའ་བའི་གྲུ་ཟུར་དག་ཀྱང་མཐོང་ཐུབ་པར་བྱས་ཡོད། དུས་མཚུངས་སུ་ནགས་ཁུལ་དུ་ཁྲིམས་འགལ་གྱིས་མེ་ཁ་གསོ་བ་དང་རྩི་ཤིང་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་འཇིགས་སྐུལ་གྱི་ནུས་པའང་ཐོན་ཡོད། སྐོར་སྲུང་གི་གོ་རིམ་ཁྲོད། རུ་ཁག་གི་ལྟ་ཞིབ་པས་དུས་དང་རྣམ་པ་ཀུན་ཏུ་རྙོག་འཛིང་ཆེ་བའི་ནགས་ཚལ་སྟུག་པོར་སྐོར་ཞིབ་ཞིབ་ཚགས་སུ་བྱས་ཏེ། མེ་སྐྱོན་འབྱུང་སླ་བའི་གྲུ་ཟུར་གཅིག་ཀྱང་མི་བསྐྱུར། མེ་སོན་དང་ཡང་ན་རྒྱུན་ལྡན་མིན་པའི་གནས་ཚུལ་རྟོགས་ཚེ། དུས་ཐོག་ཏུ་བརྡ་འཕྲིན་མ་ལག་བརྒྱུད་ནས་ས་ངོས་ཀྱི་བཀོད་འདོམས་ལྟེ་གནས་དང་འབྲེལ་གཏུག་བྱེད་པ་དང་། ས་ངོས་ཀྱི་མེ་འགོག་མེ་གསོད་སྟོབས་ཤུགས་ཀྱིས་མགྱོགས་མྱུར་སྒོས་དང་ལེན་བྱས་ཏེ། མེ་སྐྱོན་མེ་སོན་སྔ་མོ་ནས་གསོད་པར་འགན་སྲུང་བྱས།
རྗེས་ཕྱོགས། རུ་ཁག་གིས་དུས་ནམ་ཡང་གྲ་སྒྲིག་ལེགས་པོ་བྱས་ཏེ་གཙོ་གནད་ས་ཁུལ་དང་གནད་འགག་དུས་སྐབས་ཀྱི་འགོག་སྲུང་ལ་རྒྱུན་མཐུད་ཀྱིས་ཤུགས་བསྣན་ཏེ། ནགས་ཚལ་དང་རྩྭ་སའི་མེ་འགོག་མེ་གསོད་བྱ་བ་ལེགས་པོར་བསྒྲུབ་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་ངེས།།