མཚོ་སྔོན་ཞིང་ཆེན་གྱིས་སྔོ་ཚལ་དང་འབྲི་གཡག བོད་ལུག་ཐོན་ལས2025ལོའི་རྒྱལ་ཁབ་ཞིང་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྣམ་གྲངས་ཀྱི་མིང་ཐོའི་ཁྲོད་བདམས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ3པའི་ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ལས་ཞིང་སྡེ་པུའུ་ཡིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི2025ལོའི་ཞིང་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྣམ་གྲངས་འཛུགས་པའི་མིང་ཐོའི་ཁྲོད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་འབྲི་གཡག་དེང་རབས་ཞིང་ལས་ཐོན་ལས་གླིང་དང་། འཁྱགས་གྲང་སྔོ་ཚལ་ཐོན་ལས་འདུས་ཚོགས། ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་གཡུ་སྐེ་གྲོང་རྡལ་འབྲི་གཡག(ཐོན་ལས་སྟོབས་ལྡན་གྲོང་རྡལ)། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་མཁར་དམར་ཤང་བོད་ལུག(ཐོན་ལས་སྟོབས་ལྡན་གྲོང་རྡལ)བཅས་སོ་སོར་བདམས་ཐོན་བྱུང་། 

ལོ་ངོ་མང་པོའི་འཕེལ་རྒྱས་འཛུགས་སྐྲུན་བརྒྱུད། འབྲི་གཡག་གཙོ་བོ་ཡིན་པའི་སྐྱེ་ཁམས་ཕྱུགས་ལས་དེ་ཡུས་ཧྲུའུ་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲོག་ཤིང་ཐོན་ལས་སུ་གྱུར་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་། མཁོ་འདོན་འགན་སྲུང་། བདེ་འཇགས་འགན་སྲུང་ཁྲོད་ཚབ་བྱེད་མི་རུང་བའི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས། ཡུས་ཧྲུའུ་གྲོང་ཁྱེར་འབྲི་གཡག་དེང་རབས་ཞིང་ལས་ཐོན་ལས་གླིང་གིས་འབྲི་གཡག་དེ་གཙོ་ཁྲིད་ཐོན་ལས་སུ་བྱས་ཤིང་། འབྲི་གཡག་ཁྲི30.96ཡོད་པ་དང་། ཐོན་ལས་གླིང་གི་སྤྱི་འབོར་སྒོར་དུང་ཕྱུར30.3ལས་བརྒལ་ཞིང་། རྒྱུད་བཟང་ཕྱུགས་རིགས་ཁེབས་ཚད89%ལ་སླེབས་པ་དང་། ད་ལྟ་གཅིག་འདུས་གསོ་སྤེལ་དང་། བཤའ་གཏོང་། ལས་སྣོན། གསོག་ཉར་སྐྱེལ་འདྲེན་བཅས་གཞི་གཅིག་གི་ཐོན་ལས་ཕྲེང་འབྲེལ་མ་ལག་གྲུབ་ཡོད། 

འཁྱགས་གྲང་སྔོ་ཚལ་དེ་མཚོ་སྔོན་གྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཡིན་པའི་ཆ་ནས། མཐོ་སྒང་འཁྱགས་གྲང་མཁའ་དབུགས་ཐོན་ཁུངས་ལ་བརྟེན་ནས། ལྗང་མདོག་དང་སྐྱེ་ལྡན། སྤུས་ཚད་མཐོ་བའི་རིགས་ཀྱི་དགེ་མཚན་མངོན་གསལ་ལྡན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་འཁྱགས་གྲང་སྔོ་ཚལ་ཐོན་ལས་ཀྱི་རོགས་སྐྱོར་ཤུགས་ཚད་ཆེ་རུ་བཏང་སྟེ། རིགས་སྣ་འདེམས་པ་དང་། རྟེན་གཞིའི་འདེབས་འཛུགས། འཁྱགས་སྦྲེལ་དངོས་ཟོག་སྐྱེལ་འདྲེན། ཟོང་རྟགས་གསོ་སྐྱོང་སོགས་ཀྱི་གོ་རིམ་ཐད་འཁྱགས་རིགས་སྔོ་ཚོད་ཐོན་ལས་དེ་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ཟོང་རྟགས་ཅན་གྱི་ཁ་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། 2024ལོར་ཞིང་ཆེན་ཕྱིའི་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི70ལས་བརྒལ། 

ཆུ་དམར་ལེབ་རྫོང་གཡུ་སྐེ་གྲོང་རྡལ་གྱི་འབྲི་གཡག་ཐོན་ལས་དེ་ས་གནས་ཀྱི་གཙོ་ཁྲིད་ཐོན་ལས་ཡིན་པའི་ཆ་ནས། ས་བབ་མཐོ་ན་པོ་དང་འབག་བཙོག་མེད་པའི་རང་བྱུང་ཕྱུགས་རབ་བརྟེན་ནས། ཤའི་སྤུས་ཚད་ལེགས་པ་དང་འཚོ་བཅུད་འཛོམས། གཡུ་སྐེ་གྲོང་རྡལ་གྱིས་འབྲི་གཡག་གསོ་སྤེལ་དང་། ལས་སྣོན། ཕྱིར་འཚོང་སོགས་ཀྱི་གོ་རིམ་དང་དམ་དུ་འབྲེལ་ནས། ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས་པ་དང་། ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། འབྲི་གཡག་ཐོན་ལས་ལས་སྣོན་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་པ་དང་། འབྲི་གཡག་ཐོན་ལས་རིམ་བཞིན་ཐོན་ལས་ཅན་དང་ཚོང་ར་ཅན་དུ་གྱུར་བར་སྐུལ་འདེད་བཏང་། 

ཐེམ་ཆེན་རྫོང་མཁར་དམར་ཤང་གིས་ཐོན་ཁུངས་ལེགས་ཆར་རྐང་བཙུགས་ཏེ་བོད་ལུག་ཐོན་ལས་འཕེལ་རྒྱས་སུ་བཏང་། རིགས་སྣ་གསོ་སྐྱོང་ཐད། བོད་ལུག་རྒྱུད་བཟང་རྟེན་གཞི་འཛུགས་པ་དང་། ཤའི་སྤུས་ཚད་བཟང་ཞིང་། འཚོ་བཅུད་འཛོམས་པ། གྲང་ངར་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་། ཐོན་ལས་འཕེལ་རྒྱས་རྣམ་པའི་ཐད། “མཉམ་ལས་ཁང་དང་འབྲོག་ཁྱིམ”གྱི་རྣམ་པའི། གཞི་ཁྱོན་ཅན་དང་། ཚད་ལྡན་ཅན་གྱི་གསོ་སྤེལ་མངོན་འགྱུར་བྱས་ཤིང་། ཐོན་ལས་ཕྲེང་འབྲེལ་རྒྱུན་བསྲིང་ཐད། ལུག་ཤའི་ལས་སྣོན་བྱེད་ས་འཛུགས་སྐྲུན་དང་། ལུག་གི་རྩིབ་ཤ་དང་། ལུག་ཤའི་ལེབ་མོ། ལུག་རྒྱུ་སོགས་བོད་ལུག་ལས་སྣོན་ཐོན་རྫས་གསར་སྤེལ་བྱས་ཏེ། ཐོན་རྫས་འཕར་སྣོན་རིན་ཐང་མཐོར་འདེགས་སུ་བཏང་། 

ད་ལྟའི་བར་དུ། མཚོ་སྔོན་གྱིས་ཁྱོན་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང7དང་། ཁྱད་ལྡན་ཐོན་ལས་འདུས་ཚོགས6། ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ23བཅས་འཛུགས་སྐྲུན་བྱེད་པའི་ཆོག་མཆན་ཐོབ་ཡོད། ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།