ཟླ3པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་གསལ་ལྟར་ན། དཔྱིད་དུས་ཞིང་ལས་ཐོན་སྐྱེད་ཆུ་སྤྱོད་དགོས་མཁོར་ཁག་ཐེག་བྱ་ཆེད། ཞིང་ཆེན་ཆུ་བེད་ཐིང་གིས་སྔ་མོ་ནས་དམ་འཛིན་དང་། དཔྱིད་དུས་ཆུ་གཏོང་འགན་སྲུང་བྱ་བ་བཀོད་སྒྲིག་བྱས།
ཆུ་གཏོང་བཟོ་སྐྲུན་རྒྱུན་ལྡན་ངང་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱ་ཆེད། ཞིང་ཆེན་ཆུ་བེད་ཐིང་གིས་རྫོང་རིམ་པའི་ཆུའི་དོ་དམ་ལས་ཁུངས་ཀྱི་དཔྱིད་དུས་ཆུ་གཏོང་འཆར་འགོད་དང་སྡེབ་སྒྲིག་བྱེད་ཐབས་སྒྲིག་བཟོ་བྱས་ཏེ། ཆུ་གཏོང་ས་ཁུལ་གྱི་དཔྱིད་དུས་ཆུ་གཏོང་རྩིས་ཐོ་དོ་དམ་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཁྱོན་ཡོངས་ནས་ཆུ་གཏོང་སྒྲིག་ཆས་སྐོར་ཞིབ་བྱས་ཏེ། ཆུ་གཏོང་མ་ལག་དང་སྒྲིག་ཆས་ཞིག་གསོའི་བྱ་བ་སྤེལ་ནས། ཐབས་ལམ་མང་པོའི་བྱེད་ཐབས་ཀྱིས་ཞིག་གསོའི་མ་དངུལ་བསྡུ་རུབ་བྱེད་པ་དང་། ཆུ་གཏོང་སྒྲིག་ཆས་དང་སྒྲིག་ཆས་ཞིག་གསོ་སོགས་ཀྱི་བྱ་བ་ལེགས་འགྲུབ་བྱས།
དུས་མཚུངས་སུ། ཚད་མཐོན་པོའི་སྒོ་ནས་གནམ་གཤིས་མི་ལེགས་པའི་དོན་རྐྱེན་གྱི་གནས་སྟངས་ལ་དོ་སྣང་བྱེད་པ་དང་། ཆར་ཆུ་དང་ལས་བཟོའི་གནས་ཚུལ། ཞིང་ལས་གནས་ཚུལ་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ཏེ། གནམ་གཤིས་འགྱུར་ལྡོག་དང་། འདེབས་འཛུགས་སྒྲིག་གཞི། ཆུ་གཏོང་ཆུ་སྤྱོད་དགོས་མཁོ། སའི་བརླན་བཟུང་ཚད། ཆུའི་ཐོན་ཁུངས་སྡེབ་སྒྲིག སྔོན་མའི་དུས་སྐབས་ཀྱི་ཆུ་ཡོང་བ་སོགས་ཀྱི་ཕྱོགས་བསྡུས་དབྱེ་ཞིབ་བརྡར་གཅོད་བྱས་ཏེ། རིགས་སོ་སོའི་འབྱུང་སྲིད་པའི་རྒྱུ་རྐྱེན་མི་ལེགས་པའི་ཐབས་ཇུས་དང་འཕྲལ་བསྟུན་བྱེད་ཐབས་བཏོན། ཆུ་མཛོད་དང་ཆུའི་བཞུར་ཁོངས་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་ཆུ་འདོན་སྡེབ་སྒྲིག་ལ་ཤུགས་བསྣན་ནས། འབྲུ་རིགས་འདེབས་འཛུགས་ཀྱི་ཆུ་གཏོང་དགོས་མཁོར་འགན་སྲུང་བྱས། ཆུ་ལེན་པའི་ཐོབ་ཐང་སྒྲིག་སྲོལ་དོན་འཁྱོལ་ནན་མོ་བྱེད་པ་དང་། ཆུ་གཏོང་གི་ཆུའི་སྤྱོད་ཚད་ཚོད་འཛིན་དང་དོ་དམ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་སྒོས་ཆུ་སྤྱོད་འཆར་འགོད་ལུགས་མཐུན་ངང་སྒྲིག་བཟོ་བྱས་ནས། ཆུ་གཏོང་ས་ཁུལ་གྱི་ཆུ་འདོན་སྤྲོད་འགན་སྲུང་ཚད་མཐོར་འདེགས་སུ་བཏང་།
བསྡོམས་རྩིས་བྱས་པ་ལྟར་ན། 2025ལོར། ཞིང་ཆེན་ཡོངས་ཀྱི་དཔྱིད་འདེབས་ཆུ་གཏོང་རྒྱ་ཁྱོན་ཧ་ལམ་ས་མུའུ་ཁྲི200ཡི་འཆར་གཞི་ཡོད་པ་དང་། དཔྱིད་འདེབས་ཆུ་སྤྱོད་དགོས་མཁོ་ཧ་ལམ་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར3ཡིན། ད་ལྟ། ཞིང་ཆེན་ཡོངས་ཀྱི་ཆུ་གཏོང་ལས་འགན་ཁུར་བའི་ཆུ་མཛོད་ཀྱི་ཆུ་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར38.53ཡིན་ཞིང་། ས་མུའུ་ཁྲི200ཡི་དཔྱིད་འདེབས་ཆུ་གཏོང་དགོས་མཁོར་འགན་སྲུང་བྱེད་ཐུབ། །