པར་འདི་ནི་མི་མེད་གནམ་གྲུ་ཡིས་བླངས་པའི་རི་སྐྱེས་སྲོག་ཆགས་རྒྱ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས11ཉིན་གྱི་དུས་ཚོད18སྟེང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་འབྲོང་འཐུས་ཞང་ར་མོ་སྡེ་བའི་སྐྱེ་ཁམས་ནགས་སྲུང་པ་གནམ་བྱམས་རྒྱལ་གྱིས་སྐོར་ཞིབ་བྱེད་སྐབས། མི་མེད་གནམ་གྲུ་སྤྱད་དེ་རི་སྐྱེས་སྲོག་ཆགས་རྒྱ་དང་འདྲ་བའི་སྲོག་ཆགས་ཤིག་པར་བླངས་བར་མ་ཟད། བརྙན་རིས་རྣམ་པ་ཟིན་ཐོར་བཀོད།
དེའི་རྗེས་སུ་གནམ་བྱམས་རྒྱལ་གྱིས་པར་བླངས་བའི་བརྙན་རིས་དེ་འབྲོང་འཐུས་ནགས་ལས་སྐད་འཕྲིན་ཚོགས་པར་བསྐུར་བ་དང་། ཞིན་ཧེ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ལས་དོན་མི་སྣས་ཞིབ་ཕྲའི་བརྡར་གཅོད་བྱས་པ་བརྒྱུད་སྐྱེ་དངོས་དེ་ནི་རི་སྐྱེས་སྲོག་ཆགས་རྒྱ་ཡིན་པ་དང་། ནོར་རིགས་གྱི་གཙོད་རིགས་ཡིན་པ་གཏན་འཁེལ་བྱས། ཀྲུང་གོའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོའི་རིམ་པ་གཉིས་པ་དང་། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་རྒྱུད་ཆད་ལ་ཉེ་བའི་དངོས་རིགས་ཀྱི་མིང་ཐོར་བཞག་ཡོད་པ་དང་། བྲག་རྡོ་མང་བའི་ནགས་ཚལ་དང་སྡོང་ཕྲན་སོགས་མང་པོའི་གནས་སུ་འཚོ་བཞིན་ཡོད། རང་རྒྱལ་གྱི་ཧྲན་ཞི་དང་། ཀན་སུའུ། སི་ཁྲོན། ཡུན་ནན། ཧུའུ་པེ། ཧུའུ་ནན། ཀྲེ་ཅང་། ཧྥུ་ཅན། ཀོང་ཏུང། ཀོང་ཞི་སོགས་སུ་ཡང་ཡོད།
རྒྱུས་ལོན་པ་ལྟར་ན། གནམ་བྱམས་རྒྱལ་གྱིས་ཞིན་ཧེ་རྫོང་ནས་རི་སྐྱེས་སྲོག་ཆགས་རྒྱ་མཐོང་བ་ཐོག་དང་པོ་མིན་ལ། ཞིན་ཧེ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་མཁའ་མོ་ཡིས་ཉེ་བའི་ལོ་ཤས་རིང་། ཞིན་ཧེ་རྫོང་གི་ནགས་ཚལ་ཀྱི་རྒྱ་ཁྱོན་ལོ་རེ་བཞིན་ཇེ་ཆེར་ཕྱིན་པ་དང་བསྟུན་ནས། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་མངོན་གསལ་དོད་པོས་ཇེ་བཟང་དུ་སོང་ཡོད་པ་དང་། མངའ་ཁོངས་སུ་དུས་རྒྱུན་གསའ་དང་རྒྱ། ཤྭ་བ། དྲེད་མོང་། ཆུ་བྱ་དཀར་པོ། ཁྲུང་ཁྲུང་སྐེ་ནག བྱ་གག་པ་སོགས་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཐོན་ནས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཇེ་མང་དུ་འགྲོ་བ་དང་། འཚོ་གནས་སྐྱེ་འཕེལ་ཁོར་ཡུག་བརྟན་འཇགས་ངང་ཇེ་བཟང་དུ་འགྲོ་བཞིན་ཡོད་ཅེས་ངོ་སྤྲོད་བྱས། །