མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།། ཉེ་ཆར་ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ལྗང་མདོག་རྩིས་ཤུགས་དགེ་རྒན་གསོ་སྦྱོང་མཉམ་ལས་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་པ་དང་། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་དང་། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ། ཟི་ལིང་གྲོང་ཁྱེར་དུས་རབས་ལས་རིགས་ལག་རྩལ་སློབ་གྲྭ ཙོང་ཁ་ཆུས་ལས་རིགས་སློབ་གསོ་ལྟེ་གནས་སོགས་སློབ་གྲྭ་དང་། ཧྭ་ཝུའེ་དང་། པའེ་ཏུའུ། ཁྲེང་ཏུའུ་ཏུང་རོན་སློབ་གླིང་སོགས་འགོ་ཁྲིད་ཁེ་ལས་ཀྱི་འཐུས་མི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་ལྗང་མདོག་རྩིས་རྒྱག་ནུས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ད་ལྟའི་གནས་ཚུལ་དང་མ་འོངས་པའི་འཆར་འགོད་ངོ་སྤྲོད་བྱས་པ་དང་གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་བསྟུན་ནས་རྩིས་རྒྱག་ནུས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཉེར་སྤྱོད་རྣམ་པ་རྒྱ་བསྐྱེད་པར་རྩལ་ནུས་ཤེས་ལྡན་མི་སྣའི་དགོས་མཁོ་ཆེས་ཆེར་འཕར་ཡོད་ཅེས་བསྟན་པ་རེད། འོན་ཀྱང་མིག་སྔར་ཤིས་ཉིང་ས་ཁུལ་དུ་གྲངས་འཛིན་ལག་རྩལ་དགེ་རྒན་ཞན་པ་དང་། མཉམ་འདུས་རྣམ་པའི་དགེ་རྒན་དཀོན་པ། ཐོན་སྐྱེད་དང་སློབ་གསོ་སྦྲེལ་མཐུད་ཡག་པོ་མེད་པ། སློབ་ཚན་དང་ཁེ་ལས་ཀྱི་དགོས་མཁོ་ཁ་བྲལ་བ། ཤེས་ལྡན་མི་སྣ་དང་ཐོན་ལས་གོ་གནས་ཤོར་བ་སོགས་འཕེལ་རྒྱས་ཀྱི་འཇུར་མིག་གནས་ཡོད། སྲིད་གཞུང་དང་ཁེ་ལས། སློབ་གྲྭ་ཕྱོགས་གསུམ་གྱིས་བཞུགས་མོལ་ཚོགས་འདུ་བརྒྱུད་དེ་“ལྗང་མདོག་རྩིས་ནུས་ཐོན་ལས་དང་འཚམ་པའི་བྱང་ཚད་མཐོ་བའི་དགེ་རྒན་དང་རྩལ་ནུས་ཤེས་ལྡན་མི་སྣ་གནད་ལ་འཁེལ་བའི་གསོ་སྐྱོང་བྱ་རྒྱུ”ལ་དམིགས་ནས་གྲོས་བསྡུར་བྱས་པ་དང་ཧྭ་ཝུའེ་དང་། པའེ་ཏུའུ། ཏུང་རོན་སོགས་ཁེ་ལས་ཀྱི་འཐུས་མིས་ལས་རིགས་ཀྱི་ལག་རྩལ་འཕེལ་ཕྱོགས་དང་ཤེས་ལྡན་མི་སྣའི་དགོས་མཁོའི་ཚད་གཞི་མཉམ་སྤྱོད་བྱས་པ་དང་འབྲིང་དང་མཐོ་རིམ་ལས་རིགས་སློབ་གྲྭས་སློབ་གཉེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་ཁྲིད་སྒྱུར་བཅོས་ཀྱི་ཁ་ཕྱོགས་བཏོན་པ་རེད། ཚོགས་འདུའི་ཐོག་སློབ་གྲྭ་དང་ཁེ་ལས་ཀྱི་དངོས་སྦྱོང་རྟེན་གཞི་ཐུན་མོང་དུ་འཛུགས་པ་དང་། དགེ་རྒན་གསོ་སྐྱོང་གཏིང་ཟབ་ཏུ་གཏོང་བ། ཐོན་སྐྱེད་དང་སློབ་གསོ་མཐུན་སྦྱོར་ངང་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཛུགས་པ་སོགས་ཐད་ཐུན་མོང་གི་ངོས་འཛིན་བྱུང་ནས་ཟི་ལིང་གྲོང་ཁྱེར་གྱིས་ལྗང་མདོག་རྩིས་རྒྱག་ནུས་པའི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུར་རྨང་གཞི་ཡག་པོ་བཏིང་ཡོད།
གྲོས་བསྡུར་དང་སྤེལ་རེས་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་ཤིས་ཉིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་ཁྲེང་ཏུའུ་ཏུང་རོན་སློབ་གླིང་གཉིས་ཀྱིས་འདོད་བློ་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་ཕྱོགས་གཉིས་པོས“མཉམ་འབྲེལ་སློབ་ཚན་ཞིབ་སྤེལ”དང“དགེ་རྒན་གསོ་སྦྱོང་སྤེལ་རེས་”“དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན”གྱི་ཁ་ཕྱོགས་ཆེན་པོ་གསུམ་ལ་དམིགས་ནས་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།
གྲོས་བསྡུར་གྱི་གྲུབ་འབྲས་ལག་ལེན་གྱི་ཕན་འབྲས་སུ་བསྒྱུར་ནས་གྲུབ་འབྲས་དོན་ཐོག་ཏུ་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་དམིགས་ནས་འབྱུང་འགྱུར་ལྗང་མདོག་རྩིས་རྒྱག་ནུས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་ལམ་གསར་པ་བཏོན་པ་རེད། “ནང་འདྲེན་དང་གསོ་སྐྱོང་ཟུང་འབྲེལ”གྱི་དགེ་རྒན་མཛོད་བཙུགས་པ་བརྒྱུད་ཨ་ལི་དང་། ཧྭ་ཝེ། པའེ་ཏུའུ། ཏུང་རོན་སོགས་འགོ་ཁྲིད་ཁེ་ལས་དང་མཉམ་འགུལ་བྱས་ཏེ། མཉེན་གཤིས་ནང་འདྲེན་དང“ནང་དུ་གདན་འདྲེན་དང་ཕྱི་ལ་གཏོང་བའི”ཐབས་ཇུས་གཉིས་ཀྱི་ཐོག་ནས་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲངས་འཛིན་ལག་རྩལ་དང་ལྗང་མདོག་ཐོན་ལས་ཀྱི་འདུ་ཤེས་གཉིས་ལྡན་པའི་རང་ཡུལ་ཅན་གྱི་ཆེད་ལས་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲངས་གཞི་བཀོད་པའི་ཁེ་ལས་ཀྱིས་ལས་གནས་མ་བསྒྱུར་གོང་དང་ལས་གནས་བརྗེ་སྤོར་གསོ་སྦྱོང་བྱེད་པར་དུས་མཉམ་དུ་རྒྱབ་སྐྱོར་བྱས་ཏེ། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མཇུག་ཏུ་རྩལ་ནུས་ཤེས་ལྡན་མི་སྣ་5000ལྷག་ཙམ་ཕྱིར་གཏོང་ཐུབ་རྒྱུའི་བརྩོན་ལེན་བྱེད་དགོས། མིས་བཟོས་རིག་ནུས་དང་གྲངས་གཞིའི་མཆན་འགོད་དེ་གྲོང་ཁྱེར་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོའི་རྣམ་གྲངས་ནང་བཅུག་ནས་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། རྩལ་ནུས་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་དང་སློབ་གླིང་གིས་ལས་རིགས་རྩལ་ནུས་རིམ་པ་ངོས་འཛིན་གྱི་ཐོབ་ཐང་རེ་ཞུ་བྱེད་པར་རྒྱབ་སྐྱོར་བྱེད་པ། ལྗང་མདོག་རྩིས་རྒྱག་ནུས་པའི་ལས་གནས་དང་གནད་ལ་འཁེལ་བའི་གདེང་འཇོག་ཚད་གཞི་འཛུགས་པ། ལྗང་མདོག་རྩིས་རྒྱག་ཤེས་ལྡན་མི་སྣའི་ལས་རིགས་འཕེལ་རྒྱས་འགྲོ་ལམ་ཤར་གཏོང་ཐུབ་པ། བྱང་ཚད་མཐོ་བའི་ལྗང་མདོག་རྩིས་རྒྱག་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།