མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་གྱི་ཁྱིམ་ཚང་རྒྱས་སྤྲས་འཛད་སྤྱོད་ཁ་གསབ་སྲིད་ཇུས་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཁྱིམ་ཚང་རྒྱས་སྤྲས་ཁྲོམ་རར་འཛད་སྤྱོད་མང་བའི་དུས་ཚིགས་བསླེབས་ཡོད་པ་རེད། འཛད་སྤྱོད་པས་མཛེས་བཟོ་འཆར་འགོད་ལུགས་མཐུན་དང་ཉེན་ཁ་གཡོལ་བར་རོགས་རམ་བྱེད་ཆེད། ཟླ3པའི་ཚེས17ཉིན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་ཀྱི་དྲན་སྐུལ་དམིགས་བསལ་ཁྱབ་བསྒྲགས་བྱས་ནས་འཛད་སྤྱོད་པས་“དངུལ་ཁུག་”སྲུང་ནས་སེམས་བདེ་ངང་མཛེས་བཟོ་བྱེད་པར་རོགས་རམ་བྱས་པ་རེད།
ཁ་གསབ་སྲིད་ཇུས་སྤྱོད་པའི་ཁྱབ་ཁོངས་ཁ་གསལ་བཟོ་དགོས།
ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཁྱིམ་ཚང་གི་སྒྲིག་ཆས་འཛད་སྤྱོད་ཁ་གསབ་སྲིད་ཇུས་དེ་གཙོ་གནད་མི་ཚོགས་དང་སྤྱིར་བཏང་གི་འཛད་སྤྱོད་པར་ཁྱབ་ཡོད། ཅི་ཧྲི་ཧྲན་ས་ཡོམ་གྱི་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་ས་ཁོངས་དང་། ས་གཤིས་གནོད་འཚེའི་ཉེན་འགོག་གནས་སྤོ་དུད་ཚང་། མཚོ་སྔོན་མཚེའུ་ཡི་ཆུ་གནས་མཐོ་རུ་སོང་བའི་ཁུལ་གྱི་ཞིང་འབྲོག་པའི་སྡོད་ཁང་གནས་སྤོ་དུད་ཚང་སོགས་གཙོ་གནད་མི་ཚོགས་ལ་ཆེས་མཐོ་ན་ཁ་གསབ་སྒོར་ཁྲི་2ལོངས་སུ་སྤྱོད་ཐུབ། སྤྱིར་བཏང་འཛད་སྤྱོད་པ་སྟེ་དམིགས་བསལ་མིན་པའི་མི་ཚོགས་ཀྱི་ཁྱིམ་ཆས་འཛད་སྤྱོད་ལ་ཁྱིམ་ཆས་ཐོན་རྫས་རིགས་དབྱེ་ཁ་གསབ་ལོངས་སུ་སྤྱོད་ཆོག་པ་དེའི་ནང་རྨང་གཞིའི་མཛེས་བཟོ་དང་ཐབ་ཚང་དང་འཕྲོད་ཁང་གི་ཁྱིམ་ཆས་གསར་སྒྱུར་སོགས་ཐོན་རྫས་རིགས་35ཚུད་ཡོད། ཁ་གསབ་བསྡུར་ཚད་ནི་དོན་དངོས་ཀྱི་ཕྱིར་ཚོང་རིན་གོང་གི་10%ནས་20%བར་ཡིན་པ་དང་། ལྷུ་ལག་གཅིག་གི་ཁ་གསབ་མཐོ་ཤོས་སྒོར་1000ནས་2000བར་ཡིན་པ་རེད། གཞན་ཡང་འཚོ་བའི་འགན་བཅོལ་དུད་ཚང་དང་། དབང་པོ་སྐྱོན་ཅན་། གཟིགས་སྐྱོང་བྱ་ཡུལ་སོགས་དམིགས་བསལ་སྤྱོད་མཁན་གྱིས་རིགས་རེར་20%དང་རྣམ་གྲངས་རེར་སྒོར་3000ལས་མི་བརྒལ་བའི་ཁ་གསབ་རེ་ཞུ་བྱས་ཆོག
སྒྲིག་སྲོལ་དང་མཐུན་པའི་ཁྱིམ་སྤྲས་ཁེ་ལས་འདེམས་པ།
མཛེས་བཟོ་ཀུང་སི་མ་གཏན་འཁེལ་སྔོན་དུ། འཛད་སྤྱོད་པས་ཨར་ལས་རྒྱུ་ཆ་དང་ཁྱིམ་ཆས་ཁྲོམ་རར་སོང་ནས་རྒྱུ་ཆ་དང་ཁྱིམ་ཆས་སྣ་ཚོགས་ཀྱི་སྤུས་རྟགས་དང་། རིན་གོང་། སྤུས་ཚད་སོགས་ཀྱི་ཆ་འཕྲིན་ཤེས་རྟོགས་གང་ལེགས་བྱས་ཏེ། གན་རྒྱ་བཞག་པ་ཞིབ་ཕྲ་མ་བྱུང་བའི་དབང་གིས་འཛད་སྤྱོད་ཀྱི་རྩོད་གཞི་མི་ཡོང་བ་བྱེད་དགོས། འཛད་སྤྱོད་པས་གཞུང་ཕྱོགས་ཀྱི་ཁ་གསབ་ཐབས་ལམ་དཔེར་ན“སྤྲིན་ཧྲན་ཕུའུ”སོགས་བརྒྱུད་མཉམ་ལས་མཛེས་བཟོ་ཁེ་ལས་ལ་འདྲི་རྩད་བྱས་ཏེ། དེའི་ཐོབ་ཐང་ཚད་ལྡན་ཡོང་བའི་འགན་ལེན་བྱས་ཏེ“ངེས་མེད་རྒོལ་རྡུང་རུ་ཁག་”འདེམས་པའམ་ཡང་ན་དྲིལ་བསྒྲགས་རྫུན་མ་མི་འཕྲད་ཆོག
ཞིབ་ཕྲའི་ཁ་གསལ་གྱི་གན་རྒྱ་འཇོག་དགོས།
ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་པས་ངག་ཐོག་ནས་ཁས་ལེན་མི་བྱེད་པ་དང་དོན་ཚན་ཚང་མ་ཡིག་ཐོག་ནས་གཏན་འཁེལ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། “རིན་གོང་དམའ་བའི་ཆ་ཚང་ཁ་བཟོ་བྱེད་པའི”དོགས་ཟོན་བྱེད་དགོས། ཆ་ཚང་དེ་རིགས་ལ་རྒྱུ་ཆ་ཞན་པ་བཟང་པའམ་ཡང་ན་མངོན་མེད་རང་བཞིན་གྱི་གྲོན་བསྡུ་སོགས་ཀྱི་གནད་དོན་གནས་སྲིད། གན་རྒྱའི་ནང་ཨར་ལས་དུས་འཁོར་དང་། མཛེས་བཟོ་རྒྱུ་ཆ་(སྤུས་རྟགས་དང་། རྣམ་གྲངས། ཚད་གཞི། བཟོ་རྩལ། སྤུས་ཚད་རིམ་གྲངས། གྲངས་འབོར་སོགས་ཚུད་ཡོད། ཞིབ་བཤེར་རྩིས་ལེན་གྱི་གོ་རིམ། ཁ་ཆད་དང་འགལ་བའི་འགན་འཁྲི་སོགས་དོན་ཚན་ཁ་གསལ་བཟོ་དགོས། གོ་དོན་མི་འདྲ་བ་ཐོན་སླ་བའི་དོན་ཚན་ཐད་གསལ་བཤད་ཞིབ་ཕྲ་བྱས་ཏེ་ཚོང་པས་ཁོར་ཡུག་སྲུང་སྐྱོང་དང་བཙོངས་རྗེས་སོགས་ཀྱི་ཁས་ལེན་གན་རྒྱའི་ནང་བྲིས་རྗེས་ད་གཟོད་གན་རྒྱ་འཇོག་དགོས། ཁང་པ་ཡོངས་ལ་མངག་སྒྲིག་བྱས་པའི་ཁྱིམ་ཆས་ཐོན་རྫས་ལ་ཇུས་འགོད་དཔེ་རིས་ཞིབ་ཕྲ་ཡོད་པ་དང་། ཆེ་ཆུང་དང་། བཟོ་རྩལ། རྒྱུ་ཆ། ཁ་དོག་སོགས་འགོད་དགོས་པའམ་ཡང་ན་ཚོང་པར་ཕན་འབྲས་རི་མོ་སྤྲོད་པ་དང་འབྲེལ་གན་རྒྱའི་ཟུར་བཀོད་དུ་བརྩི་དགོས་པའི་རེ་བ་འདོན་དགོས། གལ་ཏེ་དངོས་རྫས་ཀྱི་འགྲེམས་སྟོན་དངོས་པོ་ཡོད་ན། པར་ལེན་བྱས་ནས་རྩིས་སྤྲོད་དང་བསྡུར་བ་བྱེད་པའི་གཞི་འཛིན་སར་བྱས་ཆོག དེ་དང་མཉམ་དུ། གན་རྒྱའི་ནང་དུ་མཛེས་བཟོ་གྲོན་དངུལ་སྤྲོད་སྟངས་ཁ་གསལ་བཟོ་དགོས། རྣམ་གྲངས་ལེགས་འགྲུབ་བྱུང་བའི་མྱུར་ཚད་ལྟར་རྣམ་གྲངས་རེ་རེ་བཞིན་དུས་བཀག་ལྟར་སྤྲོད་དགོས་པ་ལས། དངུལ་ཚང་མ་ཐེངས་གཅིག་ལ་སྤྲོད་མི་རུང་། དངུལ་མཇུག་མ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཞིང་ཞིབ་བཤེར་རྩིས་ལེན་ཚད་མཐུན་བྱུང་རྗེས་སྤྲོད་དགོས།
ཨར་ལས་ཀྱི་སྤུས་ཚད་དང་མྱུར་ཚད་ལ་ལྟ་སྐུལ་བྱེད་པ།
མཛེས་བཟོ་བྱེད་པའི་བརྒྱུད་རིམ་ཁྲོད། འཛད་སྤྱོད་པས་རྒྱུན་དུ་ཨར་ལས་བྱ་ཡུལ་དུ་སོང་ནས་ལྟ་ཞིབ་བྱས་ཏེ། མཛེས་བཟོ་རྒྱུ་ཆ་དང་གན་རྒྱ་གཅིག་མཐུན་ཡོང་བ་དང་མཛེས་བཟོ་ལས་གྲྭ་བདེ་བླག་ངང་སྤེལ་བ་མ་ཟད་སྔོན་དཔག་གི་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས། གནད་དོན་ཤེས་རྗེས། དུས་ཐོག་ཏུ་མཛེས་བཟོ་ཀུང་སི་དང་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས། གཞན་ཡང་འཛད་སྤྱོད་པས་མཛེས་བཟོ་བྱེད་པའི་གོ་རིམ་ཁྲོད་འཕྲད་སྲིད་པའི་སྔོན་དཔག་མི་ཐུབ་པའི་རྒྱུ་རྐྱེན་དཔེར་ན། གནམ་གཤིས་ཀྱི་རྒྱུ་རྐྱེན་དང་ཐོན་རྫས་དང་ཇུས་འགོད་རི་མོ་གཅིག་མཐུན་མིན་པ་སོགས་ལ་སྔོན་ལ་བསམ་བློ་གཏོང་དགོས། དེ་དག་ཚང་མས་ཨར་ལས་ཀྱི་མྱུར་ཚད་ལ་ཤུགས་རྐྱེན་ཐེབས་སྲིད་པས། མྱུར་ཚད་འཆར་གཞིའི་ནང་ལྷོད་གཏོང་གི་དུས་ཚོད་ངེས་ཅན་ཞིག་འཇོག་དགོས།