རྨ་ཆེན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས“རྨ་ཆེན་ཨ་མ་གསོ་སྐྱོང་ཁང”བཙུགས་ནས་གཉེར་འགོ་བརྩམས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཐུགས་ཁུར་དང་མཛུབ་སྟོན་འོག རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མ་དངུལ་སྒོར་ཁྲི3བཏང་ནས་སེམས་ཞིབ་མོས་རྫོང་སྲིད་གཞུང་གི་ཐོག་ཁང་དུ“རྨ་ཆེན་ཨ་མ་གསོ་སྐྱོང་ཁང”བཙུགས་ནས་ཟླ3པའི་ཚེས5ཉིན་ནས་དངོས་སུ་གཉེར་འགོ་བརྩམས།

གསུམ་བརྒྱད་བུད་མེད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། རྨ་ཆེན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས“རྨ་ཆེན་ཨ་མ་གསོ་སྐྱོང་ཁང”དུ་ཉམས་ལེན་བྱ་འགུལ་སྤེལ་ནས། སྡེ་ཁག་སོ་སོའི་བུད་མེད་འཐུས་མི་གདན་ཞུ་བྱས་ནས་ཡུལ་དངོས་སུ་ཉམས་ལེན་བྱེད་དུ་བཅུག བུད་མེད་ལས་བཟོ་པ་ཚོས་མངལ་སྦྲུམ་པའི་སྐབས་དང་འོ་མ་བསྣུན་པའི་སྐབས་ཀྱི་སེམས་ཁྲལ་མང་པོ་ཞིག་སེལ་ཐུབ་སོང་ཞེས་ཨ་མ་གསོ་སྐྱོང་ཁང་གི་ཁོར་ཡུག་དང་སྒྲིག་ཆས་ལ་བསྟོད་པ་ཚད་མེད་བྱས་པར་མ་ཟད། ད་དུང་བཟོ་ཚོགས་ཀྱི་བུད་མེད་ཚོའི་བརྩེ་སེམས་སྦྱིན་པར་མྱོང་ཚོར་བྱས།

དུས་ཡུན་རིང་པོའི་ནང་རྨ་ཆེན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བུད་མེད་ལས་བཟོ་པའི་ཁེ་དབང་སྲུང་སྐྱོང་དང་གཅེས་སྐྱོང་བྱེད་པ་དེ་གོ་གནས་གལ་ཆེན་དུ་བཞག་ནས་གཅེས་སྐྱོང་བྱེད་ཐབས་སོ་སོ་དོན་འཁྱོལ་ཧུར་ཐག་བྱས་ཡོད། “རྨ་ཆེན་ཨ་མ་གསོ་སྐྱོང་ཁང”འཛུགས་སྐྲུན་བྱས་པ་འདི་ནི་བཟོ་ཚོགས་ཀྱིས་བུད་མེད་ལས་བཟོ་པར་གཅེས་སྐྱོང་གནང་བའི་ཐད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན། མ་འོངས་པར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཨ་མ་གསོ་སྐྱོང་ཁང་གི་ཞབས་ཞུ་བསྟུད་མར་ཇེ་ལེགས་སུ་བཏང་ནས། ནང་དོན་ཕུན་སུམ་ཚོགས་པའི་ཞབས་ཞུའི་བྱེད་ཐབས་སྤྱད་དེ་གཅེས་སེམས་དེ་བུད་མེད་ལས་བཟོ་པ་རེ་རེའི་གམ་དུ་སྐྱེལ་རྒྱུ་རེད།

ཐེངས་འདིར“རྨ་ཆེན་ཨ་མ་གསོ་སྐྱོང་ཁང”བཙུགས་ཏེ་སྤྱོད་འགོ་ཚུགས་པའི་ཐོག་ནས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་བུད་མེད་ལས་བཟོ་པར་ཐུགས་ཁུར་བྱེད་པ་མཚོན་པར་མ་ཟད། རྨ་ཆེན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོ་པར་དོན་དངོས་སྒྲུབ་པ་དང་དཀའ་གནད་ཐག་གཅོད་བྱེད་པའི་འགན་འཁུར་ཡང་མཚོན་ཡོད། དྲོ་སྐྱིད་ཀྱིས་ཁེངས་པའི་དུས་ཆེན་འདིར“རྨ་ཆེན་ཨ་མ་གསོ་སྐྱོང་ཁང”དེ་བུད་མེད་ལས་བཟོ་པའི་དྲོ་སྐྱིད་ལྡན་པའི་གྲུ་ཁ་ཞིག་ཏུ་གྱུར་ནས། ཁོ་མོ་ཚོ་སྤྲོ་སེམས་སྔར་ལས་ཆེ་བའི་སྒོ་ནས་བྱ་བའི་ནང་ཞུགས་ཏེ་རྨ་ཆེན་རྫོང་གི་འཕེལ་རྒྱས་ཐད་བུད་མེད་ཀྱི་སྟོབས་ཤུགས་འབུལ་བར་སྐུལ་ལྕག་བྱས་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།